Tuesday, November 2, 2010

བོད་རང་བཙན། བདེན་དོན་ལ་དཔྱད་ཞིབ།

  ཁག་དང་པོ།


འཇམ་དབྱངས་ནོར་བུས་ཕྱོགས་སྒྲིག་བྱས།  དགེ་འདུན་རབ་གསལ་གྱིས་བསྒྱུར།

ལས་འགན་སྒྲུབ་བཞིན་པའི་རྒྱལ་ཁབ།


༡༩༥༠ ལོར་རྒྱ་དམར་གྱིས་བཙན་འཛུལ་མ་བྱས་པའི་གོང་དུ། བོད་ནི་ཆ་ཚང་བའི་ཐོག་ནས་ལས་འགན་སྒྲུབ་བཞིན་པ་དང་རང་བཙན་གྱི་རྒྱལ་ཁབ་ཅིག་རེད། འདིས་ར ང་གི་ཁྱིམ་མཚེས་གང་ལའང་ཉེན་ཁ་མི་སྤྲོད་ཅིང་། ལོ་ནས་ལོ་བསྟུད་དེ་ཕྱིའི་རོགས་རམ་ལ་མ་བརྟེན་པར་རང་གི་མི་སེར་འཚོ་སྐྱོང་ འཐུས་ཤོར་མེད་པར་བྱས་ཡོད། བོད་ཀྱིས་རྒྱལ་ཁབ་གཞན་དང་རྒྱལ་སྤྱིའི་སྒྲིག་འཛུགས་གང་ལ་ཡང་བུ་ལོན་ཆགས་པ་མེད། རྗེས་ལུས་དང་ཆོས་ལྡན་རྒྱལ་ཁབ། དེང་རབས་དམངས་གཙོ་བཅས་མིན་ན་ཡང་། བོད་ཀྱིས་རང་གི་མཐའ་མཚམས་ནང་ཁུལ་དུ་ཁྲིམས་ལུགས་སྟངས་འཛིན་བྱས་ཡོད་ཅིང་། རྒྱལ་ཁབ་གཞན་གྱི་ལྷན་དུ་བཞག་པའི་གྲོས་མཐུན་དང་ཆིངས་ཡིག་ཁག་གཟབ་ནན་གྱིས་ལག་ བསྟར་བྱས་ཡོད། གཅན་གཟན་དང་ཁོར་ཡུག་གི་ཐད་ནས་ཡུལ་ཁྲིམས་བཟོས་པའི་རྒྱལ་ཁབ་ཐོག་མའི་གྲས་ཡིན་ ལ། རྒྱུན་ལྡན་ལག་བསྟར་བྱས་པའི་རི་ལུང་རྩ་ཚིག་ཅེས་པ་དེ་ནི་ ༡༦༤༢ ལོའམ་ཡང་ན་དེའི་སྔོན་དུ་ཐོག་མར་བཏོན་ཡོད་པ་རེད།༡༩༡༣ ལོར་ བོད་ཀྱིས་སྲོག་གཅོད་བྱེད་པ་གཏན་འགོག་བྱས་ཡོད་ལ། ༼ཕྱི་རྒྱལ་ཡུལ་སྐོར་བ་མང་པོས་བརྗོད་ཡོད་པ་ལྟར།༽ འཛམ་གླིང་ནང་དེ་ལྟར་བྱེད་པའི་རྒྱལ་ཁབ་སྔ་གྲས་ཤིག་ཡིན། བོད་ཀྱིས་གྲངས་ཉུང་མི་རིགས་༼ཁ་ཆེ་ལྟ་བུ་༽ལ་བཙན་དབང་བྱས་པའི་ལོ་རྒྱུས་མེད་ལ། རྒྱ་ནག་དང་དེ་བཞིན་གྱི་རྒྱལ་ཁབ་འགའ་ཡིས་དུས་ནས་དུས་སུ་བྱས་པ་ལྟ་བུའི་རང་གི་ མི་འབོར་གྱི་སྡེ་ཚན་བྱེ་བྲག་པ་འགའ་སྡེབ་གསོད་བྱས་རིགས་ཀྱང་མེད། གནམ་བདེ་སྒོ་མོ་ཆེ་ཡིད་ལ་དྲན་པར་མཛོད། བོད་རང་གི་མཐའ་མཚམས་རྒྱ་གར་དང་བལ་ཡུལ། འབྲུག་བཅས་པ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་པ་མེད་ནའང་ ཆབ་སྲིད་དང་དཔལ་འབྱོར་གྱི་སྐྱབས་བཅོལ་བ་ལྟ་བུའི་ངོས་ནས་ ཧ་ལམ་བོད་མི་ཞིག་བྲོས་བྱོལ་དུ་ཕྱིན་པ་ཡོད་མ་རེད། རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་དུ། ཡུ་རོབ་དང་ཨ་མི་རི་ཀར་གནས་སྤོར་བྱས་པའི་བོད་མི་གཅིག་ཀྱང་ཡོད་མ་རེད།
ཕྱིའི་དམག་གི་བཙན་འཛུལ་ལས་ཞི་བའི་བཅིངས་འགྲོལ་མ་རེད།
༡༩༥༠ ལོའི་ ཟླ་ ༡༠ ཚེས་ ༦ ཉིན་གྱི་ཐོ་རེངས་ཤར་དུས། དམར་དམག་གི་དམག་ཁག་བཅོ་བརྒྱད་པའི་དམག་སྡེ་ཨང་ལྔ་བཅུ་ང་གཉིས་པ་དང་། ང་གསུམ་པ། ང་བཞི་པ་ ༼ཧ་ལམ་དམག་མི་ ༤༠༠༠༠ ཙམ་༽ བཅས་ཀྱིས་ བོད་དམག་ ༣༥༠༠ ཙམ་དང་ དེ་བཞིན་ཁམས་པའི་ཡུལ་དམག་ ༢༠༠༠ ཙམ་གྱིས་སྲུང་ཡོད་པའི་བོད་ཀྱི་༼མེ་མཚམས་བཞག་སའི་༽ས་ཚིགས་ལ་ཚུར་རྒོལ་བྱས་པ་ རེད། དེའི་སྔོན་དུ་ ༡༩༤༩ ལོའི་ལོ་མཇུག་ལ། སྐབས་དེར་གོ་མིན་ཏང་གིས་རྒྱབ་སྐྱོར་བྱས་པའི་དམག་བདག་དག་གི་དབང་འོག་ཏུ་ཡོད་ པའི་བྱང་ཤར་གྱི་ཨ་མདོ་དང་ཤར་ཕྱོགས་ཀྱི་ཁམས་བཅས་ལ་གུང་ཁྲན་གྱི་དམག་འཛུལ་ཡོད། ཉེ་ཆར་གྱི་རྒྱ་རིགས་མཁས་པའི་ཞིབ་འཇུག་གིས་ཕྱིར་བཏོན་པ་ལྟར་ན། ༡༩༥༠ ལོའི་ཟླ་ ༡ ཚེས་ ༢༢ ཉིན་མའོ་ཙེ་ཏུང་ སི་ཏ་ལིན་ལ་ཐུག་ཡོད་པ་དང་། བོད་ལ་བཙན་འཛུལ་བྱེད་ཆེད་དུ་ཨུ་རུ་སུའི་གནམ་དམག་གིས་མཁོ་ཆས་དབོར་འདྲེན་ བྱེད་པའི་རོགས་སྐུལ་བྱས་པ་རེད། དེའི་ལན་དུ་སི་ཏ་ལིན་གྱིས།ཁྱེད་ཀྱིས་བོད་ལ་ཕར་རྒོལ་གྱི་ གྲ་སྒྲིག་བྱེད་བཞིན་པ་དེ་ཡག་པོ་རེད། བོད་མི་ཚོ་གཉའ་གཅོག་དགོས་ཀྱི་འདུགཅེས་བརྗོད་པ་རེད།
ཆབ་མདོའི་གཡུལ་ས་ན་ ཡོད་པའི་དབྱིན་ཇིའི་རླུང་འཕྲིན་ལས་བྱ་༼བོད་གཞུང་གིས་གླས་པ།༽ཞིག་གིས། བོད་མི་ཚོས་འབྲི་ཆུའི་གྲུ་ཁ་ལྟེ་བ་དེ་ནས་ཕར་རྒོལ་གྱིས་ཧ་ལམ་མི་གཅིག་ལ་མ་ ཐུག་གི་བར་དུ་འཛིང་སོང་ཞེས་བྲིས་ཡོད་པ་རེད། དེ་ནས་ལྷོ་ཕྱོགས་སུ་སྨར་ཁམས་དང་ཐག་ཉེ་བའི་འབྲི་ཆུ་བརྒལ་ས་དེར། དེར་ཡོད་དབྱིན་ཇིའི་ཡེ་ཤུའི་ཆོས་པ་ཞིག་ལྟར་ན། བོད་ཀྱི་ཕར་རྒོལ་དམག་མིས་བློ་ཁོག་ཆེན་པོས་ཕར་རྒོལ་བྱས་ཀྱང་མཐར་ཕམ་ཉེས་བྱུང་ བ་དང་། ཤུལ་དུ་ལྷག་པའི་དམག་མི་དག་གིས་གོ་རིམ་ལྡན་པའི་ཐོག་ནས་ནུབ་ཕྱོགས་སུ་རྒྱབ་ བཤིག་བྱས་པ་རེད། དམག་སྡེ་གང་གིས་མགོ་བཏགས་ཞུས་པའམ་བྲོས་བྱོལ་ལ་ཕྱིན་རིགས་མེད་པ་རེད། རྒྱབ་བཤིག་བྱས་ནས་ཉིན་བཞི་པའི་སྐབས་དེར་དམག་སྡེ་གཅིག་ལ་ཚུར་རྒོལ་རྒྱ་ཆེན་ ཕོག་སྟེ་རྩ་མེད་བཏང་བ་རེད། ཐོག་མའི་ཚུར་རྒོལ་གྱི་བདུན་ཕྲག་གཉིས་ཏག་ཏག་གི་རྗེས་ལ་བོད་དམག་གིས་མགོ་བཏགས་ ཞུས་པ་རེད། དམར་ཤོག་གི་ལས་བྱ་ཞིག་གི་མི་ཚེའི་ལོ་རྒྱུས་ལྟར་ན།ཆབ་མདོའི་དམག་གི་སྐབས་སུ་ བོད་མི་མང་པོ་བསད་པ་དང་རྨས་སྐྱོན་ཕོག་ཡོད་པ་དང་།” “་་་བོད་དམག་གིས་བློ་ཁོག་ཆེན་ པོས་འཛིང་ན་ཡང་། རྒྱ་དམག་གི་ཁ་གྲངས་མང་བ་དང་སྦྱོང་བརྡར་ལེགས་པ་ལ་འགྲན་ནུས་པ་ཞིག་མེད་པ་རེད།རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་སྐོར་ལ་འབྲི་མཁན་ནུབ་ཕྱོགས་པའི་དམག་དོན་ མཁས་པ་ཉག་གཅིག་ཡོད་པ་དེས།་་་དམར་པོའི་ཕྱོགས་ལ་མ་མཐའ་ལའང་མི་གྲངས་ ༡༠༠༠༠ བསད་སྐྱོན་ཕོག་ཡོད་པ་རེད།ཅེས་བྲིས་འདུག རྒྱ་མིའི་དམག་མི་ཞིག་གིས་བྲིས་པའི་ལོ་རྒྱུས་ལྟར་ན། དམར་དམག་གི་རུ་ཁག་གཅིག་གིས་ཤིན་ཅང་ནས་ཚུར་རྒོལ་བྱས་ཡོད་མོད། བོད་ཀྱི་ནུབ་ཕྱོགས་མངའ་རིས་དགེ་རྩེའི་འབྲོག་དམག་གིས་སྔོན་བསྐྱོད་རུ་ཁག་དེ་ ཧ་ལམ་འགུལ་དུའང་མ་བཅུག་པར་བཀག་ཡོད་པ་རེད། དམག་མི་འདིས་ཡང་བསྐྱར་། གུང་ཁྲན་གྱི་དམག་ལ་བོད་ཀྱི་ཁུལ་དུ་བཙན་འཛུལ་བྱེད་རྒྱུར་རྒྱ་ནག་རང་གི་ས་བཀྲ་ ཙམ་ཡང་མ་རྙེད་ནས་མཐར་རྒྱ་གར་དབྱིན་གཞུང་གིས་པར་བརྒྱབ་པའི་ས་བཀྲ་ཞིག་བེད་ སྤྱོད་བྱེད་དགོས་ཤར་སྐོར་བྲིས་འདུག


༡༩༥༦ ལོར་ཁམས་ཀྱི་གྱེན་ལོག་ཆེན་པོ་མགོ་བཙུགས་པ་རེད་ལ། ལུང་པ་ཡོངས་ལ་ཁྱབ་ནས་ ༡༩༥༩ ལོའི་ཟླ་གསུམ་པའི་གྱེན་ལངས་བར་དུ་སླེབས་པ་རེད། འཇབ་དམག་གི་དམག་རྒོལ་དེ་ ༡༩༧༤ ལོ་ཙམ་ལ་ཞི་འཇགས་བྱས་པ་རེད།གཟབ་ནན་གྱི་ཚོད་རྩིས་ཤིག་བྱས་པ་ཡིན་ན། མི་འབོར་ས་ཡ་ཕྱེད་ལས་མི་ཉུང་བ་ཞིག་ཡོད་པ་རེད།དམག་འཁྲུག་གི་ནང་དུ་བོད་མི་རྣམས་བསད་པ་རེད། དེ་ལས་མང་བ་ཞིག་མཇུག་འབྲེལ་གྱི་ཆབ་སྲིད་ལས་དོན་ཁག་དང་། ངལ་རྩོལ་བསྒྱུར་བཀོལ་གྱི་རྭ་བ། དེ་བཞིན་མུ་གེ་ཆེན་པོ་བཅས་ཀྱི་ནང་གྲོངས་ཡོད་པ་རེད། ༢༠༠༨ ལོའི་བོད་ཁྱོན་ཡོངས་ཀྱི་གྱེན་ལོག་ངོ་རྒོལ་དང་དེ་ལ་རྒྱ་ནག་གིས་རྡུང་རྡེག་ཡ་ ང་བ་བཏང་བ་དེ་དག་གིས་དེ་རིང་ཡང་འཐབ་རྩོད་འདི་མུ་མཐུད་ནས་ཡོད་པ་དེ་གསལ་པོར་མཚོན་ཡོད་པ་རེད།
རྒྱལ་ཁབ་ཀྱི་རྒྱལ་དར་
བོད་ཀྱི་དེང་རབས་རྒྱལ་དར་འདི་ནི་ ༡༩༡༦ ལོར་ཁྱབ་སྤེལ་བྱས་པ་ཞིག་རེད། རྒྱལ་དར་འདི་འཛམ་གླིང་གི་མདུན་སར་ཐོག་མར་མངོན་པ་དེ་ནི་ ༡༩༣༤ ལོའི་ ནེལ་ཤོན་ནལ་ འཇིའོ་གཱི་རཱ་ཕིག་(National Geographic) དུས་དེབ་ཀྱི་འཛམ་གླིང་གི་རྒྱལ་དར་ཁག་ཅེས་པའི་འདོན་ཐེངས་དང་། དཔེ་དེབ་གཞན་གྱི་སྟེང་ཐོན་པ་དེ་རེད་ལ། ༡༩༣༠ སོ་གྲངས་ཀྱི་སྟོད་དུ་ཡུ་རོབ་ཀྱི་ཐ་མག་ཁྱབ་བསྒྲགས་ཀྱི་ཤོག་བྱང་དག་གི་ནང་དུ་ བསྐྱར་འགྲེམས་བྱས་ཡོད་པ་རེད། གོང་གསལ་དུས་དེབ་ཀྱིས་༡༩༡༧ ལོའི་རྒྱལ་དར་གྱི་འདོན་ཐེངས་ཆེས་ཐོག་མ་དེའི་ཁྲོད་འཁོད་རྒྱུར་ བོད་ཀྱི་རྒྱལ་དར་དེ་ཕལ་ཆེར་ཆེས་གསར་པ་དང་མ་ཤེས་པ་ཡིན་སྲིད་མོད། འདོན་ཐེངས་དེའི་ནང་གི་དུས་རབས་དཀྱིལ་མའི་སྐོར་གྱི་རྩོམ་ཡིག་ཅིག་ཏུ་བོད་ཅེས་ པའི་མིང་འདི་བཀོད་ཡོད་པ་རེད། རྒྱལ་དར་ལ་ཆེད་མཁས་དགེ་རྒན་ཆེན་མོ་ ལུ་འེག་སེ་ ཝོམ་ ལྟར་ན། བོད་ཀྱི་རྒྱལ་དར་འདི་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་དུས་ རབས་བདུན་པའི་ནང་གི་གངས་སེང་ཅན་གྱི་དར་ཆ་རྙིང་ང་ཞིག་ལ་གཞི་བཅོལ་བ་ཞིག་ཡིན་ པ་རེད།ཐུགས་སྣང་དགོས་པ་ཞིག་ལ་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་གི་རྒྱལ་དར་གྱི་བརྒྱ་ཆ་ ༩༠ ལྷག་དེ་དམག་ཆེན་གཉིས་པའི་རྗེས་སུ་བཟོས་པ་རེད་ལ། དེའི་ཁོངས་སུ་ད་ལྟའི་རྒྱ་ནག་གི་རྒྱལ་དར་ཡང་ཚུད་ཡོད། ༡༩༤༧ ལོའི་ཨེ་ཤ་ཡའི་ནང་ཁུལ་ཚོགས་འདུའི་ཐོག་དེར་བོད་ཀྱི་རྒྱལ་དར་འདི་རྒྱལ་སྤྱིའི་ ཐོག་གཞུང་འབྲེལ་གྱིས་ཐོན་ཡོད་པ་དང་། ཚོགས་ཐོག་དེར་བདག་ཉིད་ཆེན་པོ་གཱན་དཱིས་གསུང་བཤད་གནང་ཡོད་པ་རེད། བོད་ཀྱི་རྒྱལ་དར་དེ་ཨེ་ཤ་ཡའི་རྒྱལ་ཁབ་གཞན་གྱི་རྒྱལ་དར་ལྷན་དུ་བཤམས་ཡོད་ ཅིང་། ཚོགས་མིའི་སྟེགས་བུའི་སྟེང་གི་བོད་ཀྱི་སྐུ་ཚབ་ཚོའི་མདུན་དེར་རྒྱལ་དར་གྱི་ ལས་རྟགས་གོར་མོ་ཞིག་བཤམས་ཡོད་པ་རེད།
ཁག་གཉིས་པ་གཟིགས།



No comments:

Post a Comment

མཆན་འགྲེལ།(批注)