དཔྱད་བརྗོད།

༡༽མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།
རྩོམ་པ་པོ།         ཕུན་ཚོགས་དབང་རྒྱལ།
ཁོ་བོས་ཡུན་རིང་བོར་ཁོམ་གསེང་གི་དུས་ཚོད་བེད་སྤྱད་དེ།མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པའི་མྱོང་འབྲས་སུ།  མི་རིགས་ཀྱི་གནད་དོན་ཐད་གཤམ་གྱི་ལྟ་བ་འགའ་ཕྱོགས་བསྡོམས་བྱས་པ་ཡིན།ཨེ་རེ་སི་ཐོ་ཐལAristotleགྱི་ཞལ་ནས།ང་རང་ངའི་དགེ་རྒན་ལ་དགའ། དེ་ལས་ཀྱང་བདེན་དོན་ལ་དགའ།ཞེས་གསུངས་པ་ལྟར།  ལྟ་བ་དང་བསམ་ཚུལ་ཡང་ན་དགོངས་འཆར་གང་ཞིག་འདོན་པའི་ཚེ།ཐོག་མར་གཞུང་ལུགས་ཀྱི་རྩ་དོན་དང་གཏན་ཚིགས་སྟེང་དེ་ཉིད་ཚུགས་ཐུབ་ཡིན་མིན་ལ་བསམ་བློ་གཏོང་དགོས། ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང༌།གཏན་ཚིགས་དང་མཐུན་པའི་བསམ་གཞིགས་ལ་བརྟེན་ན།ད་གཟོད་ཡིན་མིན་གྱི་ཁྲུན་ཐག་ཆོད་ཡོང༌།ཤེས་ཡོན་ལྡན་པ་དང་བསམ་གཞིགས་རང་རྐྱ་འཕེར་བའི་མི་ཞིག་ཡིན་ཚེ།ལྟ་ཚུལ་མི་འདྲ་བ་དང་གནད་དོན་གང་ཞིག་ལ་དམིགསནས། རྒྱུ་མཚན་གང་ཡིན་གསལ་བོར་འདྲི་དགོས་ཏེ། ཕ་རོལ་པོས་བཤད་པ་ལ་གནས་ལུགས་ཡོད་མེད་དང༌། ཁུངས་ལུང་ཡོད་མེད། དོན་དངོས་དང་མཐུན་མིན་བཅས་ལ་རིགས་པས་བརྡར་ཤ་གཅོད་པ་ལས།བླུན་པོ་ཆུ་སྣ་གར་འཁྲིད་དང་བྲན་བཀོད་འདུ་ཤེས་སོགས་ངེས་པར་སྤངས་དགོས་པ་ཡིན།བདེན་དོན་དང་རྩ་དོན་གང་ཞིག་ཡིན་ཡང་རུང༌། ཐམས་ཅད་ཡུལ་དུས་རྐྱེན་གསུམ་ངེས་ཅན་ལ་བརྟེན་ནས་བྱུང་བ་ཡིན།འདི་གསུམ་སྤངས་ནས་གནད་དོན་གང་ཞིག་ལ་དཔྱད་བསྡུར་དང་བདེན་རྫུན་གྱི་ཤན་འབྱེད་པར་འདོད་པ་ནི་ཆེས་ལོག་པར་གྱུར་པའི་ལས་ཡིན་ཞིང༌།    མི་རིགས་གནད་དོན་ལ་མཚོན་ནའང་དེ་བཞིན་ནོ།།  གོང་གསལ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་ལྟ་བ་ཡིན་ལ།ལྟ་བ་འདིར་ཀུན་འཇུག་གི་དོན་་སྙིང་ལྡན་པ་ཡིན།མི་རིགས་འདྲ་མཉམ་སྐོར།སྤྱི་ཚོགས་རིང་ལུགས་མ་ཟད་དམངས་གཙོ་རིང་ལུགས་ཀྱི་རྩ་དོན་ལྟར་ནའང༌།མི་རིགས་འདྲ་མཉམ་ཞེས་པ་ནི་མི་རིགས་ལ་བཙན་གཉོམ་དང་ཆེ་ཆུང༌།སྔོན་ཐོན་དང་རྗེས་ལུས་ཐ་ན་རིགས་་་རྒྱུད་དང་ཁ་དོག་སོགས་མི་འབྱེད་པར།ཁྲིམས་དབང་གི་སྟེང་ནས་ཐམས་ཅད་འདྲ་མཉམ་ཡིན།འདི་ནི་གཞི་རྩའི་རྩ་དོན་ཞིག་གོ། །མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་ནི།མི་རིགས་ཆེ་ཆུང་གང་ཡིན་ཡང༌།ཐམས་ཅད་ལ་ངོ་བོའི་སྟེང་རང་ཉིད་ཁོ་ན་མ་གཏོགས་གཞན་མི་རིགས་ལ་མེད་པའི་ཐུན་མིན་ཀྱི་ཁྱད་ཆོས་ཤིག་ཡོད་པ་ཡིན།ཁྱད་ཆོས་དེ་ནི་མི་རིགས་གང་དེས་རང་ཉིད་འཚོ་བའི་རྒྱལ་ཁམས་དེ་རུའམ་ཡང་ན་འཛམ་གླིང་རིག་གནས་ཀྱི་ཐུན་མོང་གི་གན་་མཛོད་དུ་ཕུལ་བའི་ལེགས་སྐྱེས་དང་མཛད་རྗེས་ཡིན།དོན་སྙིང་འདིའི་ཐད་ནས་བལྟས་ན།མི་རིགས་ཆེ་ཆུང་ཡོད་ཚད་འདྲ་མཉམ་གྱི་སར་གནས་ཤིང༌།མི་རིགས་ཤིག་མི་རིགས་གཞན་གང་དང་བསྡུར་ནའང་འདྲ་མཉམ་ཡིན།རྒྱུ་མཚན་དེའི་དབང་གིས།སྤྱིར་བཏང་བཤད་ན། མི་རིགས་ཕན་ཚུན་བར་དུ་ཕྱོགས་གང་ཡིན་ཡང་སུ་ལའང་ཁྱད་དབང་མེད་ཅིང༌། རིས་མེད་པར་གཅིག་མཚུངས་དུ་བལྟ་དགོས་པ་ཡིན།འོན་ཏེ་ཞིབ་ཏུ་བསམས་ན།མི་རིགས་འདྲ་མཉམ་ཞེས་པ་ནི་ངོ་བོའི་སྟེང་མི་རིགས་ཆེན་མོ་གང་དེས་མི་རིགས་ཉམ་ཆུང་དག་ལ་འདྲ་མཉམ་་གྱི་ལྟ་སྟངས་འཛིན་པ་ལ་བསྟན་པ་ཡིན།  སྟབས་བདེར་ལབ་ན།དེ་ནི་ཆེ་བས་ཆུང་བར་དང༌།བཙན་པོས་གཉོམ་ཆུང་ལ།མང་པོས་ཉུང་བར་འདྲ་མཉམ་ངང་འགྲོགས་དགོས་པར་བཤད་པ་ཡིན་ཏེ།རྒྱུ་མཚན་ནི་མི་རིགས་འདྲ་མཉམ་མིན་པ་དེ་རྟག་ཏུ་མི་རིགས་ཆེན་པོ་དང་སྟོབས་ལྡན།སྲོལ་རྒྱུན་གྱི་བཙན་དབང་འདུ་ཤེས་དང་ནོར་འཁྲུལ་གྱི་ལྟ་སྤྱོད་དག་ལས་བྱུང་བ་ཡིན།  དེའི་ཕྱིར། མི་རིགས་འདྲ་མཉམ་ཡོང་མིན་དེ་ཡང་མཐར་གཏུགས་ན་མི་རིགས་ཆེན་པོ་དང་མི་རིགས་སྟོབས་ལྡན་ལ་རག་ལས་སོ། །ཡང་བཤད་ན།བདེན་དོན་ནི་དོན་སྤྱི་ཙམ་མ་ཡིན་པར་བྱེ་བྲག་དངོས་ཡོད་ཅིག་ཡིན་པ་ནང་བཞིན།མི་རིགས་འདྲ་མཉམ་ཡང་དོན་སྤྱི་ཙམ་མ་ཡིན་པར་བྱེ་བྲག་ཆབ་སྲིད་དང་དཔལ་འབྱོར།རིག་གནས་ལ་སོགས་པའི་ཁྲོད་དུ་མངོན་ཡོང་ཞིང༌།ལྷག་པར་དུ་མི་རིགས་སྐད་ཡིག་གིས་མཚོན་པའི་མི་རིགས་འདྲ་མཉམ་ནི་འདི་ལྟ་བུ་ཞིག་ཏུ་ངེས།དེར་མ་ཟད།བདེན་དོན་བྱེ་བྲག་པ་འདི་དག་ངེས་པར་དུ་བཅའ་ཁྲིམས་སྟེང་གསལ་བོར་གཏན་ལ་་ཕབས་ནས་ལག་བསྟར་དང༌། བཅའ་ཁྲིམས་ཀྱིས་དེ་དག་ལ་སྲུང་སྐྱོབ་བྱེད་པ་ཡིན།འདི་ལས་ང་ཚོས་མཐོང་ཐུབ་པ་ནི། དོན་སྤྱི་ཙམ་གྱི་གོ་དོན་དེ་བྱེ་བྲག་གི་ནང་དོན་གྱིས་ཕྱུག་པར་བྱས་པ་དང༌།དེ་ལ་ཁྲིམས་དབང་གི་སྟེང་ནས་སྲུང་སྐྱོབ་བྱས་པ་ཡིན་ཚེ།མི་རིགས་འདྲ་མཉམ་ལ་མཚོན་ན་ད་གཟོད་མིང་དོན་མཚུངས་པ་ཞིག་ཡིན།དེ་ལས་ལྡོག་པའི་གྲགས་པ་དོན་གཉེར་དང་ཁ་བཤད་ཆུ་ཡི་ཝུ་བ་ལྟ་བུའི་མི་རིགས་འདྲ་མཉམ་དེས་དོན་དངོས་ལ་ཕན་ཐོགས་ཅི་ཡང་མེད་པར་མ་ཟད།རང་མགོ་རང་གིས་གཡོགས་པ་ཞིག་གོ། །ཡང་གཅིག་བཤད་ན།མི་རིགས་འདྲ་མཉམ་ཞེས་པའི་གོ་དོན་ནི།  མཐར་གཏུགས་ན་མི་རིགས་སོ་སོའི་བདག་དབང་འདྲ་མཉམ་ཡིན་པར་གོ་དགོས་ཏེ།མི་རིགས་ཆེ་ཆུང་དང་བཙན་གཉོམ་གང་ཡིན་ཡང་ཕན་ཚུན་བར་གཅིག་ཁོངས་གཅིག་གཏོགས་ཀྱི་འབྲེལ་བ་མེད་པ་དང༌།མི་རིགས་སོ་སོ་བ་དེར་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་ཡོངས་ནས་རང་གི་བདག་དབང་ཡོད་པར་ངོས་ལེན་དང་བརྩི་འཇོག་བྱེད་པ་ཡིན།བདག་དབང་འདིར་གུང་ཁྲང་ཏང་གིས་མགོ་ཁྲིད་བྱེད་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ངོ་མ་ཞིག་ཡིན་ཚེ་རོལ་མྱོང་ཐུབ་པ་ཡིན།གཞན་ཡང་དམངས་གཙོ་རྒྱལ་ཁབ་རྣལ་མ་ཞིག་ཡིན་ཚེ།ཁྲིམས་དབང་སྟེང་མི་རིགས་གཉའ་གནོན་ལམ་ལུགས་མེད་པར་བཏང་ཕྱིར། མི་རིགས་སོ་སོས་རང་རང་གི་རྩ་བའི་ཁེ་ཕན་ལ་དམིགས་ནས། གདོད་ནས་འདྲ་མཉམ་ཡིན་པའི་རྨང་གཞིའི་སྟེང་མཐུན་སྒྲིལ་དང༌།བློ་སེམས་གཅིག་མཐུན་གྱིས་མི་རིགས་ཁྱིམ་གཞི་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་པར་མཉམ་དུ་འབད་བརྩོན་བྱེད་པ་ཡིན།  དེའི་རྒྱུ་མཚན་གང་ཡིན་ཞེ་ན།གུང་ཁྲང་ཏང་དང་དམངས་གཙོ་ཏང་གི་ངོ་བོ་དང༌།  སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་དང་དམངས་གཙོ་རྒྱལ་ཁབ་ངོ་མའི་སྤྱི་ཚོགས་ཀྱི་ངོ་བོ་དེ་མི་རིགས་དང་རིགས་རྒྱུད་གཉའ་གནོན་དང་བཤུ་གཞོགམཐོང་ཆུང་དང་བརྙས་བཅོས་བྱེད་པ།ལྷག་པར་དུ་མི་རིགས་གཞན་འགྱུར་སྲིད་ཇུས་དང་གཏན་ནས་མཐུན་ཐབས་མེད་ཅིང་ཕན་ཚུན་འགལ་ཟླར་གནས་པ་ཞིག་ཡིན།དེའི་ཕྱིར།སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་དང་དམངས་གཙོ་རྒྱལ་ཁབ་རྣལ་མ་ཞིག་ཡིན་ཚེ།  མི་རིགས་སོ་སོ་རང་མོས་མཉམ་འབྲེལ་དང་རང་རྟོགས་སྒོས་མཐུན་སྒྲིལ་བྱེད་འོས་པ་ཞིག་ཡིན་པའི་གནད་ཀྱང་འདི་ལགས་སོ། །མདོར་བསྡུས་ན།མི་རིགས་འདྲ་མཉམ་ནི་མི་རིགས་གནད་དོན་ཐག་གཅོད་པའི་རྩ་བའི་ལྟ་བ་དང་རྩ་དོན་་ཡིན།   ཨིན་ཀི་སིསEngelsཁ་ཨར་ཁོད་ཚི་ཀེKarlKautskyལ་སྤྲིངས་པའི་འཕྲིན་ཡིག་ཏུ།རྒྱལ་སྤྱིའི་མཉམ་འབྲེལ་ནི་འདྲ་མཉམ་གྱི་རྨང་གཞིའི་སྟེང་ད་གཟོད་བྱུང་རུང་ཞིག་ཡིན་ཞིང༌།ཐ་ན་འདྲ་མཉམ་ཕྱོགས་སོ་སོའི་ཁྲོད་སྟོབས་ཆེ་བ་དེས་ཐད་ཀར་ལག་བསྟར་བྱས་པའི་ཆ་རྐྱེན་འོག་ད་གཟོད་དགོས་མཁོ་དང་ལྡན་པ་ཞིག་ཡིན།མི་རིགས་བར་གཉའ་གནོན་མེད་པ་ནི་བྱ་གཞག་ཡོད་ཚད་བདེ་ཐང་ངང་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་རྩ་་བའི་ཆ་རྐྱེན་ཡིན།ཞེས་གསུངས་འདུག།

༢༽མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ།
མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་ཞེས་པའི་ཐ་སྙད་འདི་གཉིས་ནི་མི་རིགས་གཉའ་གནོན་ལམ་ལུགས་གཏོར་བ་དང་བསྟུན་ནས་བྱུང་བ་ཞིག་ཡིན།སྤྱིར་བཏང་བཤད་ན།མི་རིགས་མང་པོའི་རྒྱལ་ཁབ་ཏུ།མི་རིགས་འདྲ་མཉམ་ཞེས་པ་གཙོ་བོ་རྒྱལ་ཁབ་གང་དེའི་མི་རིགས་གཙོ་བོའམ་སྟོབས་ལྡན་དེ་ལ་བཤད་པ་ཡིན་ཏེ།སྟོབས་ལྡན་མི་རིགས་དེ་ཉམ་ཆུང་མི་རིགས་དག་དང་འདྲ་མཉམ་ངང་འཚོ་བའི་རེ་བ་བཏོན་པ་ཡིན།མི་རིགས་མཐུན་སྒྲིལ་ཞེས་པ་ནི་གཙོ་བོ་རྒྱལ་ཁབ་དེའི་མི་རིགས་ཉམ་ཆུང་དག་སྟོབས་ལྡན་མི་རིགས་དང་མཐུན་སྒྲིལ་ངང་གནས་དགོས་པར་བསྟན་པ་ཡིན།ཐ་སྙད་ཅིག་གམ་གནད་དོན་ཞིག་བཏོན་པ་ལ་དེར་གོ་བ་ལེན་སྟངས་དང་ཆེད་དམིགས་ཀྱི་དགོས་དབང་འདུག་ཨང༌།མི་རིགས་མང་པོའི་རྒྱལ་ཁབ་ཏུ།མི་རིགས་མཐུན་སྒྲིལ་དང་མཉམ་འབྲེལ་བྱ་བ་ནན་དུ་གླེང་བ་ནི་མཁོ་ཞིང་ཡང་དག་པ་ཞིག་ལགས་མོད།འོན་ཏེ་དེ་དང་ལྷན་དུ་གསལ་བོར་ངེས་དགོས་པ་ཞིག་ནི།མི་རིགས་མཐུན་སྒྲིལ་ཡོང་ཐབས་དང་རིགས་རྒྱུད་དང་གྲུབ་མཐའ་བར་གྱི་མཐུན་སྒྲིལ་མཛའ་བཤེས་ཡོང་ཐབས་ནི་མི་རིགས་སོ་སོའི་བར་གྱི་འདྲ་མཉམ་དང་མཛའ་མཐུན་གྱི་རྨང་གཞི་ཉག་ཅིག་ཡིན།རྨང་གཞི་འདིའི་སྟེང་ད་གཟོད་མི་རིགས་མཐུན་སྒྲིལ་མངོན་དུ་འགྱུར་ཞིང་ཡུན་རིང་བ།སྲ་ཞིང་བརྟན་པ་ཞིག་ཆགས་ཐུབ།དེ་ལས་ལྡོག་སྟེ།མི་རིགས་འདྲ་མཉམ་གྱི་རྨང་གཞི་མེད་པའི་མི་རིགས་མཐུན་སྒྲིལ་ནི་བཙན་དབང་གང་ཞིག་གི་གནོན་ཤུགས་འོག་བྱུང་བའི་ཁ་བདེན་ཁོག་རྫུན་དང་ཕྱི་མཐུན་ནང་འགལ་གྱི་མཐུན་སྒྲིལ་རྫུན་མ་ཡིན།དེའི་ཕྱིར།སྡོམ་ཚིག་འདི་ལྟ་བུ་ཞིག་འབྱུང་སྟེ།མི་རིགས་མཐུན་སྒྲིལ་དངོས་མ་ཞིག་ཡིན་ཕྱིན།ངེས་པར་དུ་དེར་བསྟུན་གྱི་མི་རིགས་འདྲ་མཉམ་བདེན་ཐུབ་ཅིག་དགོས་ཏེ།འདྲ་མཉམ་གྱི་རྒྱུ་དང་ལྡན་ཚེ་མཐུན་སྒྲིལ་གྱི་འབྲས་བུ་འབྱུང་བས།འདྲ་མཉམ་དང་མཐུན་སྒྲིལ་བར་ལ་རྒྱུ་འབྲས་ཀྱི་རྣམ་གཞག་འཇུག་པ་ཡིན།དེར་བརྟེན།མི་རིགས་མང་པོའི་རྒྱལ་ཁབ་ཏུ།མི་རིགས་མཐུན་སྒྲིལ་སྤེལ་དགོས་ཤིང༌།ལྷག་པར་དུ་མི་རིགས་འདྲ་མཉམ་གླེང་དགོས།  དེ་ལྟ་མ་ཡིན་ཚེ།མཐུན་སྒྲིལ་དང་འདྲ་མཉམ་བར་གཙོ་ཕལ་གྱི་མགོ་མཇུག་ལྡོག་པ་ཡིན།དགོད་བྲོ་ཞིང་ངུ་ཡང་བྲོ་བ་ཞིག་ལ།དངོས་ཡོད་འཚོ་བའི་ནང་དུ༌།དབང་བསྒྱུར་པའི་ཁྲོད་ཀྱི་མགོ་ཁྲིད་ལ་ཤས་ཀྱིས་མི་རིགས་གནད་དོན་སྐོར་གླེང་སྐབས།འདྲ་མཉམ་ནི་མཐུན་སྒྲིལ་གྱི་རྒྱུ་ཡིན་པ་གཞི་ནས་ཧ་མི་གོ་བའམ་སྣང་ཆུང་རྩིས་མེད་དུ་བཏང་ནས།མི་ཤེས་ཤེས་མདོག་གིས་མཐའ་གཅིག་ཏུ་མི་རིགས་འདྲ་མཉམ་གྱི་འབྲས་བུ་མི་རིགས་མཐུན་སྒྲིལ་རྐྱང་རྐྱང་འུད་བསྟོད་བྱེད་པ་ལས།མི་རིགས་མཐུན་སྒྲིལ་ཡོང་བའི་རྒྱུ་ཉག་ཅིག་སྟེ་མི་རིགས་འདྲ་མཉམ་གླེང་ཙམ་ཡང་མི་བྱེད།  གོང་བཤད་མདོར་བསྡུས་ན།གལ་ཏེ་སུས་གནས་ལུགས་འདི་མི་ཤེས་པ་དང༌།རྒྱུ་དང་འབྲས་བུའི་མགོ་མཇུག་ལྡོག་པ།མི་རིགས་བར་གྱི་རྩོད་གཞི་གྲོས་མོལ་བྱེད་སྐབས།འབྲས་བུར་དམོད་པ་ལས་རྒྱུ་མཚན་མི་འཚོལ་བ་དེ་ནི་བསམ་བློའི་ངོས་ཟིན་སྟེང་རྨོངས་པ་དང༌།ལྟ་བ་དང་ལངས་ཕྱོགས་སྟེང་བདེན་རྫུན་བསྲེས་པ།ཆབ་སྲིད་ལྟ་ཚུལ་དང་འཚོ་བའི་ལག་ལེན་ཁྲོད་རང་གཞན་བསླུ་བའི་མཇུག་འབྲས་ལས་གཞན་ཅི།
༤༽མི་རིགས་གནད་དོན་དང་ཡང་དག་པའི་མི་རིགས་ལྟ་བ་བརྩི་སྲུང་བྱེད་དགོས་པའི་སྐོར།
མི་རིགས་ཤིག་ཡིན་ཚེ་དེ་རིང་བཙན་གཉོམ་ཆེ་ཆུང་གང་དུ་གཏོགས་ཀྱང༌།ཐོག་མའི་དུས་སུ་སྒེར་ཚུགས་དང་རང་དབང་རང་བདག་གི་མི་རིགས་ཤིག་ཡིན་པར་མ་ཟད།རང་ཉིད་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་དེར་བསྟུན་གྱི་སྤྱི་ཚོགས་ཆགས་སྟངས་ལྡན་པ་དང༌།ཕ་མེས་ཡང་མེས་དང་མི་རབས་མུ་རྒྱུད་དུ་རང་ཉིད་འཚོ་གཞེས་པའི་གནས་དེའི་བདག་པོ་་ཉག་ཅིག་ཡིན་པ་སྨོས་མེད་ལགས།ངེས་པར་དུ་ཁ་གསལ་དགོས་པ་ཞིག་ལ།ཁོ་ཚོས་རང་ཉིད་འཚོ་གཞེས་པའི་ཡུལ་དེ་རུ་རང་ཁྱིམ་རང་བདག་བྱེད་པ་ནི་གནམ་བསྐོས་རྩོད་མེད་ཀྱི་ཁེ་དབང་ཡིན།འོན་ཏེ་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་བཙན་རྒྱལ་རིང་ལུགས་དང་དམག་དོན་བཙན་འཛུལ་རིང་ལུགས། མི་སེར་སྤེལ་བའི་རིང་ལུགས་རྙིང་མའི་སིམ་འཛུལ་དང་ས་རྒྱ་བསྐྱེད་པ།ཧམ་ཟ་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་འོག་བཙན་པོས་གཉོམ་ཆུང་དབང་དུ་བསྡུས་པས།རིགས་དང་རིམ་པ་མི་འདྲ་ཞིང༌།དངོས་བརྒྱུད་མངོན་ལྐོག་ཅི་རིགས་སུ་སུ་ཁོངས་སུ་གཏོགས་ཀྱི་རྩོད་གཞི་སྟེ་བདག་དབང་གི་གནད་དོན་གནས་པར་མ་ཟད།བཙན་དབང་གིས་འཁྱེར་བའི་མི་རིགས་འབྲེལ་བ་ཆགས་ཡོད།འདིའི་རྒྱུ་རྐྱེན་ནི།དུས་རབས་གང་ཡིན་ཡང༌།སྟོབས་ལྡན་མི་རིགསདྲག་པོའི་སྦྱོར་བར་མོས་པའི་མི་རིགས་ཆུང་ངུ་ཁ་ཤས་ཀྱང་འདུསདང་དེའི་དབང་བསྒྱུར་བྱེད་མཁན་གྱིས་རྒྱལ་ཁབ་ཀྱི་སྲིད་དབང་དང་དམག་དབང༌།ཕྱི་འབྲེལ་དབང་ཆ་དང་དཔལ་འབྱོར་དང་རིག་གནས་བཅས་ཀྱི་སྲོག་རྒྱུན་བདག་གིར་བཟུང་ཤིང༌།རྟག་ཏུ་དམག་ཤུགས་དང་བཙན་དབང༌།དཔལ་འབྱོར་དང་རིག་གནས་ཀྱི་སྟོབས་བཅས་ལ་བརྟེན་མི་རིགས་གཞན་ལ་དབང་བསྒྱུར་བྱས་པས། མི་རིགས་འབྲེལ་བ་འམ་རིགས་རྒྱུད་དང་གྲུབ་མཐའི་འབྲེལ་བའི་ཐད་དམངས་གཙོ་མ་ཡིན་པའི་ལུགས་ལྡོག་ལོག་སྤྱོད་ཀྱི་ཁོངས་གཏོགས་འབྲེལ་བ་ཞིག་ཆགས་ཡོང༌། དེར་མ་ཟད།  དེ་ཉིད་ཐབས་སྣ་ཚོགས་ཀྱིས་མཛེས་པར་འུད་སྒྲོག་བྱས་ཏེ།ཁྲིམས་དབང་སྟེང་མེས་རྒྱལ་གཅིག་གྱུར་དང་ས་ཆའི་བདག་དབང༌།རྒྱལ་ཁབ་ཀྱི་ཁ་ངོ་བཅས་སྲུང་སྐྱོབ་བྱེད་པའི་གཞི་འཛིན་ས་རུ་བྱེད་ངེས།འདི་དང་འདི་ལྟ་བུའི་ངོ་བོའི་སྐུངས་པ་ཕྱུངས་ན། དེ་ནི་བཙན་དབང་དང་རྒྱ་བསྐྱེད་རིང་ལུགས་ཀྱི་ལོག་སྤྱོད་བསམ་བློ་དང་སྲིད་ཇུས་ཀྱི་ཐོན་འབྲས་ཡིན། ལེ་ཉིན་ཀྱིས་འདི་ལྟ་བུའི་ལོ་རྒྱུས་ལ་སྡོམ་ཚིག་བཀོད་ཡོད་དེ།ང་ཚོ་མི་རིགས་ཆེན་མོ་དག་ལ་ལོ་རྒྱུས་ཀྱི་ལག་ལེན་ཁྲོད་ནམ་ཡིན་ཡང་ནོར་འཁྲུལ་ཚབས་ཆེན་བྱུང་མྱོང་ཡོད།ང་ཚོས་དྲག་སྦྱོར་་མང་པོ་ལག་ཏུ་བསྟར་མྱོང་ཞིང༌།ཤེས་ལ་མ་ཤེས་པའི་བར་ནས་མི་རིགས་ཆུང་བར་དྲག་གནོན་དང་བརྙས་བཅོས་ཡ་ང་བ་བཟོས་མྱོང༌།གཉའ་གནོན་བྱེད་མཁན་མི་རིགས་དེ་རླབས་ཆེན་མི་རིགས་ཡིན་མདོག་ཁ་པོར་སྣང་མོད།དོན་དུ་དེ་ནི་དྲག་པོའི་སྦྱོར་བར་བརྟེན་ནས་རླབས་ཆེན་ཡིན་མདོག་ཁ་པོར་གྱུར་པ་ལས་གཞན་ཅི། ཞེས་གསུངས།ཡིན་ན་ཡང༌།དེང་གི་ལོ་རྒྱུས་སྨྲ་བ་ཁ་ཤས་ཏེ་ནང་སྒོས་སུ་མར་ཁེ་སི་རིང་ལུགས་ཀྱི་སྲིད་དཔྱད་པར་རློམས་པ་ལ་ཤས་ཀྱིས།རྣ་ཁུང་བཅད་དེ་དྲིལ་བུ་བརྐུས་པའི་དཔེ་བཞིན་ལོ་རྒྱུས་ལ་འཁྱོག་འགྲེལ་དང་དཀར་ནག་གི་གོ་ལྡོག་ནས།  ལོ་རྒྱུས་སྟེང་སྟོབས་ལྡན་མི་རིགས་ཀྱིས་དྲག་པོའི་སྦྱོར་བ་དང་བཙན་དབང་ཆབ་སྲིད་ལ་བརྟེན་ནས་མི་རིགས་ཉམ་ཆུང་དབང་དུ་བསྡུས་པ་དེ།ཐ་སྙད་མཛེས་པ་དང་ཆབ་སྲིད་ཀྱི་ཡིད་འོང་ཚིག་སྐམ་དག་ལ་བརྟེན་ནས་གསང་ཐབས་སྦ་ཐབས་དང་མི་མགོ་གཡོགས་ཐབས་བྱེད་པ་ཡིན།འོན་ཀྱང་བསམ་གཞིགས་ནུས་པ་ལྡན་ཞིང་ལོ་རྒྱུས་དང་གཞུང་ལུགས་ཀྱི་ཤེས་བྱ་ལྡན་པའི་མི་ཞིག་ཡིན་ཚེ།དེའི་ངོ་བོ་ལམ་སང་མཁྱེན་ཡོང་གི་རེད།འདིའི་རིགས་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གནད་དོན་ཐད་ཀྱི་གཞི་རྩའི་རྩ་དོན་དང་ལྟ་བར་
རྒྱབ་
འགལ་ཏུ་སོང་བར་མ་ཟད།ཐ་ན་མ་རྩ་རིང་ལུགས་ཀྱི་དམངས་གཙོ་རིང་ལུགས་ལྟ་བ་དང་རྩ་དོན་ལའང་འགལ་་འདུག  བརྗོད་གཞི་ཞིག་ལ་བསམ་བློའི་གཞུང་ལུགས་སྟེང་ནང་འགལ་དུ་སོང་ཕྱིན།   ལག་ལེན་ཁྲོད་དུའང་དེར་བསྟུན་གྱི་རང་མགོ་རང་གིས་གཡོགས་པའི་བྱ་སྤྱོད་འབྱུང་ངེས།
དེའི་ཕྱིར།འདིའི་རིགས་ལ་ཕྱི་སྐོགས་ཇི་ལྟར་མཛེས་པར་སྤྲས་ཀྱང་རུང༌།ནང་སྙིང་ནི་མི་རིགས་བཙན་དབང་བསྒྱུར་པའི་ཞིང་བྲན་བདག་པོ་ས་འཕྲོག་ལྟ་བུའི་མི་རིགས་ཞར་གཏོགས་ལམ་ལུགས་སྟེ་གནམ་འོག་ཐམས་ཅད་རྒྱལ་པོའི་ཁབ་ཏུ་འཛིན་པའི་སྲོལ་རྒྱུན་བཙན་དབང་འདུ་ཤེས་དང་ཆབ་སྲིད་མཐའ་ལྷུང་ལྟ་བ་ལས་མ་འདས།གོ་རྟོགས་སད་པ་དང་དམངས་གཙོ་རིང་ལུགས་ཡང་ན་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཅན་དང་
མི་རིགས་ལ་རྒྱ་འཛིན་མཁན་ཞིག་ཡིན་ཚེ།ཡུལ་དུས་གང་རུང་དང་བསམ་བློ་དང་ཆབ་སྲིད།མི་རིགས་བརྩེ་དུང་ལ་སོགས་གང་གི་ཐད་ནས་ཀྱང་ལྟ་བ་འདིར་ཡི་རང་དང་དང་ལེན་བྱེད་མི་སྲིད།མདོར་བསྡུས་ན།མི་རིགས་ཀྱི་གནད་དོན་དེ་མཐར་ཐུག་མཛུབ་སྟོན་བསམ་བློ་དང་ལྟ་བའི་སྟེང་གནས་ཏེ།ཁ་ཞེ་གཉིས་མེད་ཀྱིས་མི་རིགས་འདྲ་མཉམ་གྱི་རྩ་དོན་ཁས་ལེན་མིན་ནི་གནད་ཀྱི་དམ་པའོ།།རྩ་དོན་འདིར་དངོས་ནས་ཡིད་འཐད་བྱུང་བ་ཞིག་ཡིན་ཕྱིན།མི་རིགས་ཞར་གཏོགས་བསམ་བློ་དང་དེ་འབྲེལ་ཁྱད་དབང་ལ་སོགས་ཀྱང་ཡོད་མི་འོས་ཤིང༌།མི་རིགས་བར་གྱི་བཙན་དབང་གཉའ་གནོན་དང་དབང་བསྒྱུར་བརྙས་བཅོས་སོགས་ནི་དེ་ལས་ཀྱང༌།   འདི་ནི་གཏན་ཚིགས་ཀྱིས་གྲུབ་པ་ཞིག་ཡིན། ཡིན་ན་ཡང༌།འཚོ་བའི་ལག་ལེན་དངོས་ཀྱི་ཁྲོད།མི་རིགས་བར་དུ་གཉའ་གནོན་དང་བཙན་དབང་ལ་བརྟེན་པ་ཡིན་མིན་དེ།མཐའ་གཅིག་ཏུ་ཡིན་དང་མིན་ཞེས་ལན་འདེབས་པར་དཀའ་སྟེ།རྒྱུ་མཚན་གོང་ནས་བཤད་པ་བཞིན།འདི་ལ་ཆགས་སྟངས་སྣ་ཚོགས་དང་ཚད་མི་འདྲ་བ་སྣ་ཚོགས་ཡོད་པར་མ་ཟད།མཛེས་པའི་ཐ་སྙད་སྣ་ཚོགས་ཀྱིས་རབས་དང་རིམ་པ་བྱས་ནས་བཀབ་ཡོད་པའི་གནད་དོན་ཞིག་ཡིན།དེ་ལྟ་མོད་ཀྱང༌།འཚོ་བ་དངོས་ཀྱི་ཁྲོད་མི་རིགས་གཉའ་གནོན་དང་མི་རིགས་བཙན་དབང་ལག་ཏུ་བསྟར་པ་ཡིན་ཚེ།སྤྱིར་བཏང་རྣམ་པ་གཉིས་ཡོད་དེ།གཅིག་ནི་དངོས་མངོན་དྲག་གསུམ་འཛོམས་པའམ་དམུ་རྒོད་དམར་རྗེན་དུ་མཚོན་ཡོང་ཞིང༌། ཅིག་ཤོས་ནི་བརྒྱུད་ལྐོག་ཞི་གསུམ་མམ་ཡང་ན་ཕར་བལྟས་ཚོད་ཀྱིས་གུ་ཡངས་པའི་ཚུལ་གྱིས་མཚོན་ཡོང༌།སྔ་མ་ནི་དྲག་ཤུགས་ལ་བརྟེན་པ་དང་ཕྱི་མ་ནི་ཞི་ཐབས་ལ་བརྟེན་པ་ཡིན།སྔ་ཕྱི་གཉི་གས་གནས་བབ་ཀྱི་འགྱུར་ལྡོག་ལ་དམིགས་ནས།དེར་བསྟུན་གྱི་ཐབས་ལམ་མམ་སྐབས་འགར་ཐབས་གཉིས་བསྣོལ་མར་བེད་སྤྱོད་གཏོང་ངེས།ཇུས་ལ་མཁས་པའི་དབང་བསྒྱུར་པ་ནམ་རྒྱུན་ཞི་བའི་ཐབས་ལ་བརྟེན་པ་དང༌།    མིག་རྒྱ་ཐུང་བའི་དབང་བསྒྱུར་པ་རྟག་ཏུ་དྲག་པོའི་ལས་ལ་འཇུགདྲག་སྦྱོར་མཐོང་སླ་ཞིང་ཞི་ཐབས་ཚོར་དཀའ་བ་ཡིན།འོན་ཀྱང་གཉའ་གནོན་དང་དབང་བསྒྱུར་མྱོང་བའི་མི་རིགས་ལ་མཚོན་ན།ཞི་ཐབས་ཀྱི་བྱས་འབྲས་དེ་དྲག་སྦྱོར་ལས་ཉེན་ཚབས་ཆེ།རྒྱུ་མཚན་གང་ཡིན་ཞེ་ན།རྙོག་དྲ་ལྡན་པའི་སྤྱི་ཚོགས་འཚོ་བའི་ཁྲོད།  བརྙས་གནོན་མིན་པ་ལྟ་བུའི་བརྙས་གནོན་དང༌།བཙན་དབང་མིན་པ་ལྟ་བུའི་དབང་བསྒྱུར་དེ།བརྙས་གནོན་ལྟར་སྣང་དང་བཙན་དབང་ལྟར་སྣང་ལས་ལྡབ་འགྱུར་གྱིས་དྲག་ཅིང་ཚབས་ཆེའོ།། མཚམས་འདི་ནས་ད་དུང་ངེས་པར་དུ་བསྟན་དགོས་པ་ཞིག་ལ། གནའ་དེང་ཕྱི་ནང་གི་ལོ་རྒྱུས་དང་འཚོ་བ་དངོས་ཀྱི་ཁྲོད་སྤྱིར་བཏང་དུ་གནས་པའི་སྣང་ཚུལ་ཞིག་སྟེ།སྤྱིར་བཏང་ཡིན་ན་དབང་བསྒྱུར་མི་རིགས་དང་མི་སེར་སྤེལ་བའི་རིང་ལུགས།མི་རིགས་ཆེན་མོ་དེ་དག་གིས་རང་གི་ཁོངས་གཏོགས་ཀྱི་དབང་བསྒྱུར་མྱོང་བའི་མི་ རིགས་དག་ལ་ནང་ཁུལ་དུ་སོ་སོར་ཕྱེས་ནས་བཅོས་སྐྱོང་བྱེད་པའི་སྲིད་ཇུས་ལག་ཏུ་བསྟར་པ་ཡིན་ཏེ།མི་རིགས་་ཤིག་གི་ནང་ཁུལ་དུ་ཁོངས་གཏོགས་མི་འདྲ་བའི་སྲིད་འཛིན་ས་བཅད་ཕྱེས་ཤིང༌།མི་རིགས་གཅིག་ཡུལ་གྲུ་མི་འདྲ་བ་དུ་མར་བགོས་ཏེ་སིལ་བུར་བཏང་བ་དང༌།འདིའི་དགོས་དབང་ནི་དབང་བསྒྱུར་བྱེད་བདེ་ཞིང་ཁྱུར་མིད་གཏོང་བདེ་བ་དེའོ།།དེའི་མོད་ལ།མི་རིགས་གང་དེའི་རང་སྟེང་ན་གནས་པའི་སྲོལ་རྒྱུན་གྱི་སྒྲིག་གཞི་དེ་ཐབས་སྣ་ཚོགས་ཀྱིས་མི་རིགས་ཆེན་མོ་རང་གི་ལུགས་སུ་བསྒྱུར་བ་དང་བསྟུན་ནས།མི་རིགས་ཉམ་ཆུང་དག་གི་སྐད་དང་ཡི་གེ།  ཡུལ་སྲོལ་རིག་གནས་ལ་སོགས་པའང་མི་རིགས་ཆེན་མོ་དེའི་རྗེས་སུ་འབྲངས་ཤིང་གཞན་འགྱུར་བྱུང་བར་བྱེད། འདི་ནི་རྒྱལ་རབས་སོ་སོའི་དབང་བསྒྱུར་མི་རིགས་དང་དབང་བསྒྱུར་གྲལ་རིམ་གྱིས་རྟག་ཏུ་་ལག་བསྟར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན།ཐབས་ལམ་འདིའང་མཐར་གཏུགས་ན།དུས་རབས་སོ་སོའི་དབང་བསྒྱུར་མི་རིགས་དང་དབང་བསྒྱུར་པས་དབང་བསྒྱུར་མྱོང་བའི་མི་རིགས་དེའི་རིག་གནས་ཀྱི་ཡུལ་དབུས་མེད་པར་གཏོང་ཆེད་དང༌།  མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ།   ལྷག་པར་དུ་མི་རིགས་ཀྱི་གཅིག་འདུས་སྟོབས་ཤུགས་དེ་སིལ་བུར་བཏང་ནས་ཁྱུར་མིད་བྱེད་བདེ་བའི་ཆེད་དུ་ཡིན།  
འདི་ནི་སིལ་བུར་ཕྱེས་ནས་སྐྱོང་བའི་སྲིད་ཇུས་ཀྱི་ངོ་བོ་དང་དམིགས་ཡུལ་ལོ།།ད་དུང༌།གནའ་དེང་ཕྱི་ནང་གི་དབང་བསྒྱུར་མི་རིགས་དང་རྒྱལ་རབས་སོ་སོས་དབང་བསྒྱུར་མྱོང་བའི་མི་་རིགས་དེ་ལ་བེད་སྤྱོད་གཏོང་བའི་ཁྲིམས་སྲོལ་ཞིག་ཡོད་པ་ནི།མི་རིགས་དབང་བསྒྱུར་དང་གཉའ་གནོན་ལམ་ལུགས་ལ་མགོ་སྒུར་བ་དང་དང་ལེན་བྱས་ཚེ།དེ་ནི་ཡ་རབས་འབངས་མི་ཡིན་པ་དང༌།དེ་ལས་ལྡོག་ན་མ་རབས་ངན་པ་དང་ངོ་ལོག་པར་བརྩི།ཡ་རབས་ལ་བརྔན་པ་གནང་ཞིང་མ་རབས་ལ་ཆད་པ་གཅོད། མགོ་སྒུར་མིན་ལས་བཟང་ངན་འབྱེད་པ་དང༌།དང་ལེན་མིན་ལས་ཆད་བསྟོད་དབྱེ་བའི་བཤད་ཚུལ་ཤིག་ཆགས་འདུག་ཅིང༌། འདི་ཉིད་མི་རིགས་ཉམ་ཆུང་རྣམས་བདག་སྐྱོང་བྱེད་ཐབས་ཀྱི་ཚད་གཞིར་འཇོག་ཅིང་ཡོད།ཡ་མཚན་པ་ཞིག་ལ།དུས་དེ་རིང༌།དབང་བསྒྱུར་པ་ལ་ལས་འཚོ་བ་དངོས་ཀྱི་ཁྲོད།  བཀས་བཀོད་སྒེར་དབང་སྤྱི་ཚོགས་ཀྱི་མི་རིགས་་གཉའ་གནོན་བྱེད་པའི་ཚད་གཞི་དེ་ད་དུང་ཡང་རྨོངས་ཚོད་ཀྱིས་ལག་ཏུ་བསྟར་ཞིང་འདུག་ལ།ཐ་ན་དེ་ལ་ཡི་རང་འུད་བསྟོད་བྱེད་ཀྱིན་འདུག་གོ། ། 
འོན་ཏེ་གནའ་བོའི་བཀས་བཀོད་སྤྱི་ཚོགས་སུ།མཁས་ཤིང་མཛངས་པའང་རེ་འགའ་སྣང་སྟེ།གནའ་བོའི་རྒྱལ་ཁབ་གསུམ་གྱི་སྐབས་སུ་ཀྲུའུ་ཀི་ལེང་གིས་དམག་འཐབ་ཁྲོད་མིན་ཧོ་ཐེངས་བདུན་ལ་བཟུང་ཞིང་ཐེངས་བདུན་ལ་བཏང་བའི་གཏམ་རྒྱུད་ཡོད་ཅིང༌།སྐབས་དེའི་རྒྱ་རིགས་དང་ཉེ་འབྲེལ་མི་རིགས་ཀྱི་འབྲེལ་བ་ནི་མཛའ་ཞིང་མཐུན་པ་ཞིག་ཡིན།ཀྲུང་གོ་གསར་བ་ཚུགས་པའི་ཐོག་མའི་དུས་སུ།གསར་བརྗེའི་གཙོ་འཛིན་མའོ་ཙེ་ཏུང་་གིས་ཀྱང་ཡང་དག་པའི་སྒོ་ནས་འདི་ལྟར།ང་ཚོ་ཀྲུའུ་ཀི་ལེང་ལས་མཁས་མཛངས་ལྡན་དགོས་ཏེ། ཐེངས་བཅུ་ལ་འཛིན་པ་དང་ཐེངས་བཅུ་ལ་བཏང་ཆོགཐ་ན་ཐེངས་བརྒྱར་བཟུང་ནས་ཐེངས་བརྒྱར་བཏང་ཡང་ཆོགཅེས་གསུངས་མྱོང༌།   ཡིན་ན་ཡང་དེའི་རྗེས་སུ།  གཡོན་ལྷུང་གི་ལོ་ཉི་ཤུའི་རིང་གི་ནོར་འཁྲུལ་ལམ་ཕྱོགས་དང་ཡང་སྒོས་ལོ་བཅུའི་གོད་ཆག་གི་ཁྲོད་དུ།   མི་རིགས་གཞན་དག་ཐེངས་གཅིག་ལ་བཟུང་བ་དང་མི་གཏོང་བ་དང༌།ཐ་ན་ངོ་ལོག་གྲ་སྒྲིག་བྱེད་པའི་སྔ་རོལ་ནས་མེད་པར་གཏོང་དགོས་ཞེས་པའི་གནས་ཚུལ་བྱུང་ཞིང༌།   ཡ་ང་ཞིང་སྐྱི་གཡའ་བའི་མི་མེད་སྡེ་བ་དང་ཡུག་ཟ་སྡེ་བ་སོགས་ཀྱི་སྣང་ཚུལ་བྱུང་མྱོང༌།གོང་ནས་དབང་བསྒྱུར་པའི་ཞི་དྲག་གི་ཐབས་ལམ་མཚམས་སྦྱོར་བྱས་པ་ཡིན་ཞིང༌།དེ་དང་འབྲེལ་ནས་གནད་དོན་གཞན་ཞིག་སྟེ་གཉའ་གནོན་མྱོང་བའི་མི་རིགས་སམ་ཉམ་ཆུང་མི་རིགས་ཀྱིས་མི་རིགས་རང་གི་རང་དབང་དང་སྒེར་ཚུགས་ཀྱི་ཆེད་དུ་བདེན་དོན་འཇིགས་སྐྱོབ་ཀྱི་ལས་འགུལ་ཡང་གླེང་བར་འདོད་དོ།།རྒྱལ་ཁབ་སོ་སོའི་དབང་བསྒྱུར་མྱོང་བའི་མི་རིགས་སོ་སོའི་གནས་ཚུལ་ལས་བལྟས་ན། དེ་ལའང་ཞི་དྲག་རིགས་སྣ་ཚོགས་འདུག་ཅིང༌།སྙིང་སྟོབས་དང་བློ་གྲོས་གཉིས་འདུས་ཀྱིས་འཛེམ་བག་མེད་པར་མི་རིགས་གཉའ་གནོན་ལ་འགོག་རྒོལ་བྱེད་པ་ཡིན།བྱེ་བྲག་འཐབ་རྩོད་བྱེད་སྟངས་ངེས་གཏན་ཞིག་ཡོང་དུ་མེད་པས།རྒྱལ་ཁབ་དང་མི་རིགས་རང་ཉིད་ཀྱི་ལོ་རྒྱུས་ཆ་རྐྱེན་དང་དངོས་ཡོད་གནས་ཚུལ་བཅས་ལ་བསྟུན་དགོས།མི་རིགས་དང་རྒྱལ་ཁབ་ལ་ཤས་ཀྱིས་དུས་སྐབས་ངེས་ཅན་དང་སྤྱི་ཚོགས་ཆ་རྐྱེན་ངེས་ཅན་འོག   དྲག་ཤུགས་ལ་བརྟེན་ནས་ངོ་རྒོལ་བྱས་པས། མཇུག་མཐར་གཟི་འོད་འཚེར་བའི་རྒྱལ་ཁ་འཐོབ།དཔེར་ན་ཀྲུང་གོ་ལྟ་བུའོ།།འོན་ཀྱང་སྤྱིར་བཏང་དུ་ལུའུ་ཞུན་ལགས་ནས་གསུངས་པ་བཞིན།རྡོ་འོག་ཏུ་མནན་པའི་སྐྱེ་དངོས་དེ་འཁྱོག་ནས་སྐྱེས་པ་ལས་ཐབས་མེད།ཅེས་པའི་གནས་ལུགས་འདི་རྟོགས་དགོས་ན།རང་གཞན་གྱི་གནས་ཚུལ་ལ་ཆ་རྒྱུས་གསལ་བོ་ཡོད་དགོས་ཤིང༌།དུས་དང་གནས་ཚུལ་དངོས་ལ་གསལ་བོར་བརྟགས་ནས།མཉེན་པས་སྲ་བ་ཐུལ་བ་ལས་ཨུ་ཚུགས་ཀྱིས་སྒོ་ང་རྡོ་ལ་བརྡབས་མི་རུང༌།ངེ་པར་དུ་ཤེས་དགོས་པ་ཞིག་ནི།བདེན་དོན་གྱི་ལས་དོན་ཡང་ཡུལ་དུས་རྐྱེན་གསུམ་དང་ཕྱོགས་གཉི་གའི་སྟོབས་ཤུགས་ཆེ་ཆུང་སོགས་ལ་རག་ལས་སོ།།  ལས་བཟང་བོར་བར་ཆད་མང་ཞིང་དཀའ་ངལ་ཁྲོད་དུ་རྒྱལ་ཁམས་དར་ཞེས་པ་ནང་བཞིན།སྐབས་མང་པོ་ཞིག་ཏུ་ཞི་བའི་འཐབ་མོ་དྲག་སྦྱོར་ལས་བཟང་ཞིང༌།བརྒྱུད་པའི་ཐབས་དེ་དངོས་ལས་རྒྱལ།གན་དེསGandhiསྤེལ་བའི་ཞི་བ་མི་འདྲིས་པའི་ལས་འགུལ་གྱིས་མཐའ་མར་ཧིན་རྡུའི་མི་རིགས་སོ་སོ་རང་དབང་སྒེར་ཚུགས་བྱས།ཡིན་ཡང་འདི་ནི་དཔེ་ཞིག་བསྟན་པ་ལས་འདི་ལྟར་ལག་ལེན་བྱེད་དགོས་ཞེས་པ་མིན།གོང་གསལ་ནི་གཉའ་གནོན་མི་རིགས་དང་གཉའ་གནོན་མྱོང་བའི་མི་རིགས་བར་མི་རིགས་འཐབ་རྩོད་ཀྱི་་སྤྱི་འགྲོས་དང་དེའི་ཕྱོགས་བསྡོམས་ཙམ་ཡིན།གང་ལྟར་ཀྱང༌།མི་རིགས་གནད་དོན་སྟེང༌།ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབས་བྱ་ཕྱོགས་བསྡོམས་བྱས་ན།དབང་བསྒྱུར་པས་ཞི་དྲག་གི་ཐབས་དང་སིལ་བུར་སྐྱོང་བ་སོགས་ཐབས་གང་ཞིག་སྤྱད་ཀྱང་རུང༌།འདས་ཟིན་དང་ད་ལྟ་གང་ཡིན་རུང༌།ངོ་བོའི་སྟེང་དེ་ནི་ཤིན་ཏུ་མི་འོས་པའི་གནས་ཤིག་ལགས། རྒྱུ་མཚན་ག་རེ་ཡིན་ཞེ་ན།


དེ་ནི་ཡར་ཐོན་ལ་རྒོལ་བ་དང༌།དམངས་གཙོ་ལ་རྒོལ་བ།མིའི་རིགས་ཀྱི་དཔལ་ཡོན་ལ་རྒོལ་བའི་ལོག་སྤྱོད་ཀྱི་སྲིད་ཇུས་ཡིན་པས་དང༌།དེང་རབས་སྤྱི་ཚོགས་ཀྱི་ཚད་གཞི་སྟེ་དམངས་གཙོ་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་དང་འགལ་བ་ལྟག་སྤྲོད་དུ་སོང་བར་མ་ཟད།སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་གྱི་མི་རིགས་འདྲ་མཉམ་ལྟ་བར་དེ་ལས་ཀྱང་རྒྱབ་འགལ་བྱས་པས་སོ།།མདོར་ན།མི་རིགས་མང་པོའི་རྒྱལ་ཁབ་ཏུ།མི་རིགས་སོ་སོའི་ཐུན་མོང་གི་རྩ་བའི་ཁེ་ཕན་གྱི་ཆེད་དུ།བྱེད་ཐབས་སྣ་ཚོགས་ཤིག་སྤེལ་བ་ཡིན་མོད༌།འཕྲལ་དོན་འཁྱོངས་ཐབས་ལས་ཕུགས་མི་རིང༌།མི་རིགས་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་ཡིན་ཚེ། ད་གཟོད་མི་རིགས་གནད་དོན་རྩད་ནས་ཐག་གཅོད་བྱེད་ཐུབ་ཅིང༌།ཉམ་ཆུང་མི་རིགས་དག་གི་ཁེ་ཕན་ལའང་སྲུང་སྐྱོང་བྱས་ནས།རྒྱལ་ཁབ་དེའི་མི་རིགས་ཆེན་མོའི་ཕུགས་ཀྱི་བདེ་བར་ཡང་ཕན་ཐོགས་ངེས།  མཁས་ཤིང་མཛངས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་གནད་འདི་མཁྱེན་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང༌།འདི་ལྟར་ན་ད་གཟོད་མི་རིགས་ཆེན་མོ་ནི་བདེན་དོན་དང་མཐུན་པའི་མི་རིགས་ལྟ་བ་སྲུང་སྐྱོང་བྱེད་མཁན་ཡིན་པའང་མཚོན་ཐུབ།