Friday, November 5, 2010

བོད་གདོད་མ་ནས་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན།


སྐུ་ཞབས་ཚའེ་ཁྲོང་ཆིན་ལགས་ལ་བཅར་འདྲི་ཞུ་བ།    ཚེ་སྐྱིད་ཀྱིས་བསྒྱུར།


གསར་འགོད་པ།     མཚོ་འགག་ངོགས་གཉིས་ཀྱི་ཀྲུང་དབྱང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ནི་ཀྲུང་གོའི་ཆ་ཤས་ཡིན་ཞེས་ཁྱབ་བསྒྲགས་བྱེད་པ་དང་། རྒྱ་རིགས་མང་ཆེ་བ་ཞིག་སྐད་ཆ་དེ་རྣར་འཇགས་མིག་འདྲིས་སུ་སོང་པ་དང་དེའི་སྐོར་ལ་དོགས་པ་ནམ་ཡང་མི་སྐྱེ་ལ་གལ་ སྲིད་སྐྱེས་ཀྱང་དཔང་རྟགས་ཁུངས་བཙན་གྱི་ཆ་འཕྲིན་འདང་ངེས་ཤིག་མེད་པ་དང་། དོན་དངོས་གཞན་ཞིག་ནི་མི་རྣམས་ཀྱིས་དོ་སྣང་བྱེད་ས་དང་བོད་རྒྱ་གཉིས་ཀྱི་གྲོས་མོལ་མི་འཆམ་པར་ཡོང་བའི་རྒྱུ་རྐྱེན་གཙོ་བོ་སྟེ། ཏྰ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞི་སྒྲོམ་འོག་རང་སྐྱོང་གཙང་མ་ཁོ་ན་གཉེར་བ་དང་མིག་སྔར་བོད་ཀྲུང་གོ་ཡི་ཆ་ཤས་ཤིག་ཡིན་པར་ཁས་ལེན་ཡང་བོད་གདོད་མ་ནས་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་ལོ་རྒྱུས་དེ་འགྱུར་ལྡོག་གཏོང་ཐུབ་མེད་པས་རེད། ཁྱེད་རང་གིས་དུས་ཡུན་རིང་པོའི་བོད་དོན་ལ་ཐུགས་འཁུར་གནང་པར་མ་ཟད་བོད་དོན་ཞིབ་འཇུག་མཁན་གྱི་ཆེད་ལས་མཁས་པ་ཞིག་ཡིན་པས་ཆ་ནས་ཁྱེད་ཀྱིས་ཀྲུང་གོའི་གཞུང་ཕྱོགས་དང་བཙན་བྱོལ་བོད་གཞུང་གཉིས་ཀྱི་བོད་ལོ་རྒྱུས་ཐོག་གི་ཁོངས་གཏོགས་གནད་དོན་ཐད་ལ་ལྟ་སྟངས་ཅི་འདྲ་འཛིན་བཞིན་ཡོད།




ཚའེ་ཁྲོང་ཆིན།   འདས་པའི་ལོ་བཅུ་ལྷག་རིང་ཏྰ་ལའི་བླ་མས་རང་བཙན་དོར་ནས་དབུ་མའི་ལམ་གཉེར་བ་དང་བོད་ཀྲུང་གོ་ཡི་ཆ་ཤས་ཡིན་པར་ཁས་ལེན་གནང་པ་དང་།ཡིན་ཡང་རང་སྐྱོང་གཙང་མ་སྟེ་བོད་བོད་མིས་སྐྱོང་དགོས་པའི་རེ་སྐུལ་གནང་པ་དང་། པེ་ཅིན་གྱི་འགོ་ཁྲིད་ཚོས་ཏྰ་ལའི་བླ་མ་ལ་བོད་གདོད་མ་ནས་ཀྲུང་གོའི་ཆ་ཤས་ཡིན་ཞེས་ཁས་ལེན་དགོས་པའི་ཆ་རྐྱེན་བཏོན་ཡང་། ཏྰ་ལའི་བླ་མས་ལོ་རྒྱུས་ཀྱི་དོན་དངོས་དེ་འདྲ་མིན་པར་དགོངས་བཞིན་འདུག་སྟེ། སྔོནཞིག་ལ་ངས་ཡོ་རབ་ཀྱི་གྲོས་ཚོགས་ཞིག་ཏུ་འཆད་སྟེགས་ཐོག་ཏུ་བཞུགས་པའི་ཏྰ་ལའི་བླ་མས་ང་རང་ནི་གྲྭ་བ་ཞིག་ཡིན་ལ་གྲྭ་བ་ཡི་ལྕེས་རྫུན་གཏམ་བཤད་མི་ཉན་པས་དོན་དངོས་ཐོག་བོད་ཀྱི་ལོ་རྒྱུས་ཐོག་བོད་ནི་ཀྲུང་གོའི་ཆ་ཤས་མིན་ཞེས་གསུངས་པ་ངས་ཐད་ཀར་ཐོས་བྱུང། འོ་ན་གནད་དོན་འདིའི་ཐད་སུ་ཞིག་འགྲིག་ལ་སུ་ཞིག་ནོར་པའི་དོན་དངོས་ནི་ང་ཚོས་ལོ་རྒྱུས་ལ་ཕྱི་མིག་བལྟས་ན་པེ་ཅིན་གྱི་འགོ་ཁྲིད་ཚོ་མ་མཐར་ཡང་ནོར་འཁྲུལ་གཉིས་ཡོད་དེ། གཅིག་ནི་ལོ་རྒྱུས་ཀྱི་དོན་དངོས་དང་འགལ་བ་དང་
 གཉིས་ནི་གཏན་ཚིགས་ཀྱི་རྒྱུན་ཤེས་དང་མི་མཐུན་པ་རེད།
      ལོ་རྒྱུས་ཐོག་བོད་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན།
  ཐོག་མར་ང་ཚོས་ལོ་རྒྱུས་ཀྱི་དོན་དངོས་ལ་བལྟས་ན་ཀྲུང་གོའི་ལོ་རྒྱུས་ཐོག་རྒྱལ་རབས་ལྔ་བྱུང་སྟེ། ཐང་རྒྱལ་རབས་དང་།སུང་རྒྱལ་རབས།ཡོན་རྒྱལ་རབས།མིང་རྒྱལ་རབས།ཆིང་རྒྱལ་རབས་བཅས་ཡིན། ཐང་རྒྱལ་རབས་སྐབས་བོད་ནི་རྒྱལ་ཁབ་ཞིག་ཡིན་པར་མ་ཟད་སྟོབས་ཆེན་གྱི་རྒྱལ་ཁབ་ཞིག་ཡིན། བོད་ཀྱི་རྒྱལ་སྲོང་བཙན་སྒམ་པོས་ཚོ་ཁག་སོ་སོ་ཆིག་སྒྲིལ་བྱས་ནས་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་པ་དང་བོད་ཀྱི་མངའ་ཁོངས་རྒྱ་ བསྐྱེད་མཛད། བོད་ཀྱི་དམག་དཔུང་གིས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲུང་ཨན་བཙན་བཟུང་བྱེད་མྱོང་ལ། ཕྱོགས་གཉིས་འཆམ་མཐུན་ཡོང་བའི་ཆེད་རྒྱ་བཟའ་ཀོང་ཇོ་བོད་ལ་སྟེར་བ་དང་། ད་ང་ཚོ་གཉེན་ཉེ་རུ་ཆགས་སོང་བས་རྗེས་སོར་ཕན་ཚུན་བར་བཙན་འཛུལ་མི་བྱེད་ཟེར་ནས་ཁྲུང་ཨན་དུ་རྡོ་རིང་བཙུགས་ཡོད་ལ་དེང་སང་ད་དུང་རྡོ་རིང་དེ་ཁྲུང་ཨན་དུ་ཡོད་
 ལོ་རྒྱུས་འདི་དག་གིས་བོད་རྒྱལ་ཁབ་ཞིག་ཡིན་པར་སྤྲོད་བྱེད་ཐུབ།


གསར་འགོད་པ། ཡིན་ཡང་རྗེས་ནས་ཀྲུང་གོ་སྲིད་གཞུང་གིས་རྒྱ་བཟའ་ཀོང་ཇོ་ཡིས་བོད་རྒྱ་བར་གྱི་འབྲེལ་བ་དམ་པོ་དང་བོད་ཀྲུང་གོ་ཡི་ཁོངས་གཏོགས་ཡིན་པའི་དཔང་རྟགས་ཏག་ཏག་བྱེད་ཐུབ་ཟེར།


ཚའེ་ཁྲོང་ཆིན། ང་ཚོས་གཏན་ཚིགས་ཀྱི་ལྟ་ཕྱོགས་ནས་བཤད་ན། ཁྱོད་ཀྱི་བུ་མོ་རྒྱལ་ཁབ་གཞན་ཞིག་གི་གཙོ་བདག་ལ་སྟེར་བ་ནི་ཁྱོད་རང་སྟོབས་ཆེ་བ་ཡིན་ནམ་ཡང་ན་གཉོད་ཆུང་བ་ཡིན། ད་དུང་མི་རིགས་དང་།ས་ཆ།གནམ་གཤིས་བཅས་མི་གཅིག་པའི་བོད་མཐོ་སྒང་དུ་ཀོང་ཇོ་ཡིས་གཏན་ནས་མཐོང་མ་མྱོང་ལ་མི་ཅི་འདྲ་ཞིག་ཡིན་མི་ཤེས་པའི་ཁྱོ་ག་ཞིག་གི་བག་མ་འགྲོ་བར་རྒྱ་བཟའ་ཀོང་ཇོ་ལ་འདོད་མོས་ཡོད་སྲིད་དམ།ཡིན་ཡང་བོད་ཀྱི་བཙན་སྐུལ་བཏང་བས་ཁོ་ཚོས་ཁ་གཏད་མི་ཡོང་བས་རེད།
   གསར་འགོད་པ། འདི་ལྟ་བུའི་རིགས་རྒྱུད་གཉིས་ཀྱི་གཉེན་སྒྲིག་གིས་བོད་ཀྱི་ཁོངས་གཏོགས་གསལ་བཤད་བྱེད་ཐུབ་བམ།
   ཚའེ་ཁྲོང་ཆིན།  ག་ལ་ཐུབ། རིགས་རྒྱུད་གཉིས་ཀྱི་གཉེན་སྒྲིག་དེས་ཁོངས་གཏོགས་ཀྱི་འབྲེལ་བ་ཅི་ཞིག་མཚོན་ཐུབ། དེ་རིང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་སུ་ཞིག་གིས་རང་གི་བུ་མོ་རྒྱལ་ཁབ་གཞན་དག་ཞིག་གི་གཙོ་བདག་ལ་ཆུང་མ་སྟེར་ནས་རྒྱལ་ཁབ་དེ་ངའི་ཆ་ཤས་རེད་ཞེས་ཟེར་བཞིན་ འདུག གཏན་ཚིགས་འདི་ཅི་ཞིག་རེད། ཁུངས་མེད་ལུང་མེད་རང་རེད། དེ་རིང་ཀྲུང་གོ་ཡི་ལོ་རྒྱུས་རིག་པ་དང་བོད་རིག་པ་ཞིབ་འཇུག་མཁན་ཡ་ཧན་ཀྲོང་བཅས་ཀྱིས་གྲོས་བསྡུར་བྱས་ན་ཐང་རྒྱལ་རབས་ཀྱི་ཁྲུང་ཨན་སུས་བཙན་བཟུང་བྱས་པ་རེད། བོད་རྒྱལ་ཁབ་ཞིག་རེད་དང་མ་རེད། འོ་ན་ཁྱོད་ཀྱི་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་གིས་རྒྱལ་ཁབ་ཀྱི་རྒྱལ་ས་ཁྲུང་ཨན་བཙན་བཟུང་བྱས་པ་མིན་ནམ།འདི་ལྟ་བུའི་གཏན་ཚིགས་ཤིག་ཡོད་སྲིད་དམ།དེ་བས་འདི་ནི་ལོ་རྒྱུས་ཀྱི་རྒྱུན་ཤེས་ཀྱི་གནད་དོན་ཞིག་རེད།


  གསར་འགོད་པ། ད་ཁྱེད་ཀྱིས་གོ་པེ་ལི་ཡི་སྐོར་ཞིག་གསུངས་དང་
  ཚའེ་ཁྲོང་ཆིན། ལགས་སོ། ཐང་དང་། སུང་། ཡོན། མིང། ཆིང་བཅས་ཏེ། ཐང་རྒྱལ་རབས་ཀྱི་རྗེས་ནི་སུང་རྒྱལ་རབས་ཡིན་ལ། སུང་རྒྱལ་རབས་ཀྱི་སྐབས་བོད་རྒྱ་བར་འབྲེལ་བ་མེད་པ་དང་དེབ་ཐེར་ཐོག་ཏུ་བཀོད་པ་ཧ་ ཅང་ཉུང་ཉུང་རེད། སུང་རྒྱལ་རབས་མཇུག་སྒྲིལ་རྗེས་ཡོན་རྒྱལ་རབས་རེད། ཡོན་རྒྱལ་ རབས་ཀྱི་སྐབས་འབྲེལ་བ་ཡོད་དེ་སུང་རྒྱལ་རབས་ཀྱི་མངའ་ཁོངས་དང་བོད་ཚང་མ་སོག་པོས་བཙན་བཟུང་བྱས་པ་དང་། སོག་པོ་ཡིག་དམག་རྟ་ཧྲག་པོས་གླིང་ཆེན་ཨེ་ཤ་ཡ་ཡོངས་རྫོགས་དང་ཐ་ན་གླིང་ཆེན་ཡོ་རབ་ཡོངས་སུ་ཁྱབ་ནས་།སོག་པོ་ཡིས་ཀྲུང་གོ་ཡི་ས་གནས་སུ་རྒྱལ་རབས་བཙུགས་པའི་ཡོན་རྒྱལ་རབས་དེ་ཀྲུང་གོ་རང་གི་ལོ་རྒྱུས་ཀྱི་རྒྱལ་རབས་རྩི་བ་དེ་ནི་མ་གཞི་ནས་གཏན་ཚིགས་ཐོག་ཏུ་གནད་དོན་ཡོད་པ་དང་།དེ་ལྟར་ཡིན་ཀྱང་སོག་པོ་ཡིས་ས་གནས་གཉིས་བཙན་བཟུང་བྱས་པ་དང་། ཁྱོད་ཀྱིས་ཁོང་ཚོས་བཙན་བཟུང་བྱས་པའི་ས་གནས་གཞན་པ་དེ་ཁྱེད་ཆ་ཤས་ཡིན་ཟེར་བ་དེ་གཏན་ཚིགས་ཀྱི་ཁུངས་སྐྱེལ་ས་འདུག་གམ། ལྷག་པར་དུ་སོག་པོ་ཡིས་བོད་ཐད་ཀར་དུ་དབང་སྒྱུར་བྱས་མེད་པ་དང་། ཡོན་རྒྱལ་རབས་ཀྱི་མེས་པོ་གོ་པེ་ལི་ཡིས་བོད་ཀྱི་བླ་ཆེན་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གོང་དུ་བཀུར་པ་དང་བོད་ཡོངས་རྫོགས་ཀྱི་ཆོས་སྲིད་གཉིས་ཀའི་དབང་གི་བདག་པོར་བསྐོས་ནས་ཡོན་རྒྱལ་རབས་སྐབས་བོད་མི་ཚོས་བདག་གཉེར་བདག་སྐྱོང་གི་ལམ་ལུགས་ལག་བསྟར་བྱས་པ་རེད། དེ་རིང་སོག་པོའི་མི་གཅིག་པོ་ཞིག་ས་གནས་དེ་ང་ཚོའི་ཆ་ཤས་ཡིན་ཟེར་ན་གཏན་ཚིགས་དང་ཅུང་ཟད་མཐུན་པ་ཞིག་རེད།


གསར་འགོད་པ། སོག་པོ་ཡིས་དབང་སྒྱུར་བྱས་པའི་ཡོན་རྒྱལ་རབས་དེ་ཀྲུང་གོ་རང་གི་ལོ་རྒྱུས་ཀྱི་རྒྱལ་རབས་ཡིན་པར་བསམ་པ་དང་། དེ་བརྟེན་སོག་པ་ཡིས་བོད་བཙན་བཟུང་བྱས་པ་ནི་ཀྲུང་གོ་ཡིས་བོད་བཙན་བཟུང་བྱས་པ་དང་གཅིག་མཚུངས་རེད་ཟེར་བ་ཨེ་རེད།


ཚའེ།  གལ་སྲིད་པེ་ཅིན་གྱི་གཏན་ཚུགས་གྲུབ་པ་ཡིན་ན། འོ་ན་ཨུ་རུ་སུ་ཡང་ཀྲུང་གོའི་ལོ་རྒྱུས་ཐོག་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཨེ་རེད།སོག་པོ་ཡིས་སྐབས་དེར་ཨུ་རུ་སུ་ཡི་ཕྱེད་ཀ་ཆེ་ཤོས་བཙན་བཟུང་བྱས་པའི་ཕྱིར། ཀྲུང་གུང་གིས་དེ་འདྲ་མི་ཟེར་བའི་རྒྱུ་མཚན་ནི་ཨུ་རུ་སུ་སྟོབས་ཆེ་བས་ཁོ་ཚོས་ཁ་གཏད་མི་ཡོང་བས་རེད་ལ་བོད་ཁོ་ཚོའི་ཆ་ཤས་ཟེར་བ་ནི་བོད་ད་ལྟ་ཁོ་ཚོའི་ལག་ནང་དུ་ཡོད་པས་ལོ་རྒྱུས་ཀྱི་དོན་དངོས་དང་གནས་ལུགས་མི་བཤད་པར་ཐུབ་ཚོད་གཏོང་བ་རེད།
  ཡོན་རྒྱལ་རབས་མཇུག་ནི་མིང་རྒྱལ་རབས་ཡིན་པ་དང་མིང་རྒྱལ་རབས་སྐབས་ཀྱང་བོད་རྒྱ་འབྲེལ་བ་མེད་པ་ལ་སུང་རྒྱལ་རབས་ཀྱང་དེ་མཚུངས་ཡིན་པས་དེབ་ཐེར་ཐོག་ཏུ་བཀོད་པ་ནི་ཕན་ཚན་བར་ཆོ་ལོ་སྩོལ་རེས་དང་། ང་ཡིས་ཁྱེད་རང་རླབས་ཆེན་གྱི་གོང་མ་བཀུར་བ་དང་ཁྱེད་ཀྱིས་ང་རང་ཆོས་རྒྱལ་གྱི་བླ་མ་བཀུར་བ་བཅས་འདི་ལྟར་གྱི་མཛའ་མཐུན་གྱི་འབྲེལ་བ་སྟོན་པ་ཙམ་རེད། བོད་རྒྱ་གཉིས་འབྲེལ་བ་གཙོ་བོ་བྱུང་ས་ནི་ཆིང་རྒྱལ་རབས་སྐབས་ཡིན་ཏེ། ཐེངས་བཞི་ཙམ་ལ་ཆིང་རྒྱལ་རབས་ཀྱི་དམག་དཔུང་བོད་དུ་འཛུལ་བ་རེད། བོད་ནང་དུ་ག་རེ་བྱེད་དུ་འགྲོ་ནི་རེད། སྐབས་དེར་བལ་བོས་བོད་བཙན་འཛུལ་བྱས་པ་དང་ཧྭ་ཤང་གྱེན་ལོག་བྱས་པ་བཅས་ཀྱི་ཟིང་འཁྲུག་ལངས་པས་ཏྰ་ལའི་བླ་མས་རེ་སྐུལ་ལྟར་ཕྱི་ཡོང་གི་དགྲ་བོ་ལ་ཕར་རྒོལ་དང་ཟིང་འཁྲུག་ལྷིང་འཇགས་བཟོ་བར་ཡོང་བ་རེད། ངས་ཁྱེད་ཚོ་ཆིང་རྒྱལ་རབས་ཟིང་འཁྲུག་ལྷིང་འཇགས་བཟོ་རོགས་སུ་སྐད་བཏང་བ་དང་ཟིང་འཁྲུག་ལྷིང་འཇགས་བཏང་རྗེས་ཆིང་དམག་ཕྱིར་ལོག་པ་རེད། ཆིང་རྒྱལ་རབས་ཀྱིས་འདི་འདྲ་བྱས་པའི་རྒྱུ་མཚན་ནི་ཕྱོགས་གཉིས་བར་ལདམིགས་བསལ་གྱི་འབྲེལ་བཡོད་པས་རེད་ལ། འབྲེལ་བ་འདི་ནི་དེ་རིང་དབྱི་ཐ་ལི་དང་ཝ་ཐི་ཁན་གྱི་འབྲེལ་བ་དང་གཅིག་མཚུངས་རེད། ཝ་ཐི་ཁན་ནི་གནམ་བདག་ཆོས་ལུགས་ཀྱི་གནས་མཆོག་རེད་ལ་དེ་ཡི་ཆེས་མཐོ་བའི་དབུ་ཁྲིད་ནི་རོ་མ་ཡི་ཆོས་ཀྱི་གོང་མ་ཡིན།དབྱི་ཐ་ལི་ཡི་འཇིག་རྟེན་ལུགས་ཡིན་པ་ཆ་ནས་ཝ་ཐི་ཁན་ལ་ཆུ་དང་། སྨན། བཟའ་ཆས་སྟེར་ནས་གོང་བཀུར་བྱས་པ་དང་། དབྱི་ཐ་ལི་མི་དམངས་ཚང་མ་གནམ་བདག་ཆོས་ལུགས་པ་ཡིན་པས་དབྱི་ཐ་ལི་ཡི་སྲིད་གཞུང་ལ་བློ་མོས་ཡིད་ཆེས་དང་སྤྱི་ཚོགས་བདེ་འཇགས་ཡོང་བར་ཕན་པ་རེད།དཔེ་ བཞག་ནས་བཤད་ན་ཆིང་བོད་གཉིསཀྱི་འབྲེལ་བ་ནི་གྲོང་སྡེ་ཞིག་གི་འགྲམ་དུ་དགོན་པ་ཞིག་ཡོད་པ་གཅིག་མཚུངས་རེད་ལ། དགོན་པ་དེ་རྒྱུ་མཚན་དང་དགོས་ངེས་གང་ཡང་མེད་པས་རང་ཉིད་རང་བཙན་ཞེས་ཁྱབ་བསྒྲིགས་མ་བྱས་ལ་གྲོང་སྡེ་དེ་ཡིས་ཀྱང་དགོན་པ་རང་གི་ཆ་ཤས་ཡིན་མི་ཟེར་བར་ཕན་ཚན་བར་མཛའ་མཐུན་དང་གཅིག་གྲོགས་གཅིག་ཕན་གྱི་འབྲེལ་བ་བྱས་པ་དང་། གྲོང་སྡེ་དེ་ཡི་འགོ་བ་ཡིས་མགོ་ཁྲིད་ནས་མི་དམངས་ཀྱི་དགོན་པ་དེ་ཡི་རབ་བྱུང་བ་ཚོར་གོང་བཀུར་བྱས་ནས་བཟའ་བཏུང་སྟེར་བས་ཡོན་བདག་ཟེར་བ་དང་། གྲོང་སྡེ་དེ་ཡི་མི་དམངས་མང་ཆེ་བ་ནང་བ་ཡིན་པས་དགོན་པ་དེ་ལ་བཀུར་ན་སྤྱི་ཚོགས་བདེ་འཇགས་ཡོང་བར་ཕན་པ་དང་། དགོན་པ་ཡི་བླ་མ་རྣམས་ནི་གྲོང་མི་དེ་ཚོ་ཡི་བསམ་པའི་དབུ་ཁྲིད་ཡིན་པ་དང་འདི་ནི་ཡོན་བདག་དང་བསམ་པ་དང་དངོས་པོ་གཉིས་ཀར་ཕན་པའི་འབྲེལ་བ་ཞིག་རེད། དེ་ནི་ཆིང་རྒྱལ་རབས་ཀྱི་ཞིང་ཆེན་ནམ། ཁུལ། རྫོང་བཅས་ཀྱི་འབྲེལ་བ་ཞིག་མ་རེད། དེ་འདྲ་མ་རེད། ང་ཚོས་མོན་ཆིང་གི་གོང་མ་སིན་ཁྲི་ལ་བལྟས་ན་སྐབས་དེར་ཆིང་རྒྱལ་རབསས་ཆེས་སྟོབས་འབྱོར་ཆེ་བའི་དུས་ཏེ། ༡༦༥༢་ལོར་རྒྱལ་དབང་སྐུ་ཕྲེང་ལྔ་བ་དང་མོན་ཆིང་གོང་མ་མཛད་འཕྲད་གནང་བའི་སྐབས་གོང་མ་སིན་ཁྲི་དབྱིན་ལེ་༤༠ ཙམ་གྲོང་ཁྱེར་གྱི་ཕྱིར་ཐོན་ནས་རྒྱལ་དབང་སྐུ་ཕྲེང་ལྔ་བ་ཕེབས་བསུ་བྱས་པར་ཕེབས་པ་དང་། སྐབས་དེ་རྒྱ་བློན་ཞིག་གིས་ཁྱེད་རང་ནི་རྒྱལ་ཁབ་གཅིགགི་གོང་མ་དང་གནམ་འོག་གི་བདག་པོ་སྟེ་འཛམ་གླིང་གི་ལྟེ་བ་ནི་ཁྱེད་རང་ཡིནཔས་བླ་མ་ཞིག་ཕེབས་བསུ་གནང་བར་ག་ལ་ཕེབས་རུང་ཞུས་ཀྱང་གོང་མས་ཏླ་ལའི་བླ་མ་ནི་ཆེས་བླ་ན་མེད་པའི་བླ་མ་དང་སངས་རྒྱས་ཀྱིཆོས་རྒྱལ་ཡིན་པས་སྤྱི་ཚོགས་ལྷིང་འཇགས་དང་ཕྱི་སོག་མགོ་སྒུར་ཡོང་བའི་ཆེད་དུ་ངེས་པར་དུ་ཏྰ་ལའི་བླ་མ་ཕེབས་བསུ་དང་གུས་ལུགས་ཆེན་པོ་ཞིག་ཞུ་དགོས་དགོངས་ནས་ཁོང་རང་རི་དྭགས་རྔོན་དུ་ཕེབས་པར་ཁ་གཡར་ནས་ཏྰ་ལའི་བླ་མ་ཕེབས་བསུ་རུ་ཕེབས་པ་རེད། གཞན་པ་གཅིག་ནི་ད་ལྟ་ཡི་ཏྰ་ལའི་བླ་མ་སྐུ་ཕྲེང་གོང་མ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་དང་ཀྲུང་གོའི་སྲིད་གཞུང་གི་དབང་འཛིན་བཟུང་མཁན་ཏེ་ཡོལ་བའི་རྒྱབ་ནས་སྲིད་ཀྱིས་ཁ་ལོ་སྒྱུར་མཁན་ཚི་ཞིའུ་ཡུམ་ ཆེནམཇལ་འཕྲད་གནང་བ་དེ་རེད་ལ། དེ་རྗེས་མཇལ་འཕྲད་དེ་ཡི་སྐོར་གྱི་ལྡེབས་རིས་ཤིག་འདུག་ལ་དེ་ད་ལྟ་ཀྲུང་གོའི་ཡིག་ཚང་ཁང་ཞིག་ཏུ་ཉར་ཡོད། བོད་དོན་ཆེད་ལས་པ་ཡ་ཧན་ཁྲོང་གིས་བརྩམས་པའི་ཏྰ་ལའི་བླ་མའི་རྣམ་ཐར་ཞེས་པའི་དེབ་དེ་ཁ་ཕྱེས་དུས་ ལྡེབས་རིས་ཀྱི་སྐུ་པར་མཐོང་ཡོང་སྟེ་ཏྰ་ལའི་བླ་དང་ཚི་ཞིའུ་ཡུམ་ཆེན་གཉིས་གོང་ མའིཕོ་བྲང་དུ་གདན་ཐོབ་གཅིག་མཚུངས་ཀྱི་བཞུགས་འདུག་པ་དང་། ཀྲུང་གོའིལོ་རྒྱུས་ཐོག་གོང་མ་སུ་ཞིག་གིས་རང་གི་སྲས་སམ་སྲས་མོ་དང་། དཔོན་རིགས་། དམག་དཔོན། ཐ་ན་ཕྱི་རྒྱལ་གྱི་ཕོ་ཉ་བཅས་སུ་ཞིག་གོང་མའི་ཕོ་བྲང་དུ་གོང་མ་དང་གདན་ཐོབ་གཅིག་མཚུངས་སུ་བསྡད་དུ་བཅུག་འདུག  བཅུག་ནི་མ་རེད། ཚང་མས་གོང་མའི་འོག་པུས་མོ་བཙུགས་དགོས་ནི་རེད།
གསར། ཚི་ཞིའུ་ཡུམ་ཆེན་ནི་ནང་པ་རེད།
ཚའེ།  ཏྰ་ལའི་བླ་མ་ལ་དམིགས་བསལ་གྱི་གུས་ཞབས་ཞུ་བར་བལྟས་ན་བོད་ནི་མོན་ཆིང་རྒྱལ་རབས་ཀྱི་མངའ་ཁོངས་མིན་ཏེ་དེ་ནི་གོང་འོག་གི་འབྲེལ་གཏོགས་འབྲེལ་བ་ཞིག་མིན་ལ་དེ་ནི་དམིགས་བསལ་གྱི་འབྲེལ་བ་ནང་པའི་ཆོས་རྒྱལ་དང་འཇིག་རྟེན་ལུགས་ཀྱི་དབུ་ཁྲིདགཉིས་ཡོན་བདག་གི་གཅིག་ཕན་གཅིག་གྲོགས་ཀྱི་འབྲེལ་བ་ཡིན་པ་ཤེས་ཐུབ།
གསར།  བོད་རང་བཙན་གྱི་ལོ་རྒྱུས་༡༩༥༠ལོ་ནས་འགྱུར་ལྡོག་བྱུང་བ་ཨེ་རེད།
ཚའེ། རེད། སྐབས་དེ་ཀྲུང་གུང་གི་དཔུང་ཆེན་ས་མཚམས་སུ་འབྱར་བ་དང་། ཀྲུང་གོ་ཏང་གིས་གོ་མིན་ཏང་ཕམ་པར་བཏང་ནས་དམག་མིའི་ངར་ཤུགས་འཕེལ་བ་དང། དེའི་དུས་བཅིངས་འགྲོལ་དམག་གི་དམག་ཤུགས་ནི་བོད་ཡོངས་རྫོགས་ཀྱི་མི་གྲངས་ལས་བརྒལ་ཡོད་པས། དམག་འཁྲུག་ཇི་ ལྟར་བྱེད། ཁྱོད་ཀྱི་མི་གྲངས་ཡོད་ཚད་ཁོ་ཚོའི་དམག་མིའི་གྲངསམ་མི་འདང་པ་དང་། དེའི་ཐོག་བོད་མི་ཚོ་ནང་པ་ཡིནཔས་སངས་རྒྱས་ཀྱིས་གཞན་སྲོག་གཅོད་མི་ཉན་ཞེས་ནང་པས་ནན་གྱིས་གསུངས་པས་བོད་ཀྱི་དམག་དཔུང་གོང་འཕེལ་ག་ལ་གཏོང་། དེ་བས་དམག་ཇི་ལྟར་འཁྲུག་འཁྲུག་ཐབས་མེད་པ་རེད།
གསར། སྐབས་དེར་བོད་ལ་དམག་མི་བདུན་སྟོང་མ་གཏོགས་མེད་པ་རེད།
ཚའེ། རེད། དུས་མཚུངས་སུ་ཀྲུང་ཁྲན་ཏང་གིས་ཀྱང་འཛུམ་རྩུབ་གཉིས་སྤྱོད་ཀྱི་སྒོ་ནས་རྗུན་བཟོ་དང་གཡོ་ཟོལ་གྱི་ཐབས་དོན་ཚན་བཅུ་བདུན་ཏེ།ཞི་བའི་སྒོ་ནས་བོད་དུ་འཛུལ་བ་དང་། ཏླ་ལའི་བླ་མ་དང་པཎ་ཆེན་གཉིས་ཀྱི་ཆོས་སྲིད་ཀྱི་གོ་གནས་འགྱུར་ལྡོག་མི་གཏོང་བ་། སྤྱི་ཚོགས་རིང་ལུགས་བསྒྱུར་སྐྲུན་མི་བྱེད། ཡོད་ཚད་སྔར་ལྟར་སོར་བཞག་བོད་ཀྱི་ཁབ་སྐུད་ཙམ་ཡང་མི་འཁྱེར་ཞེས་བོད་དང་ཆིངས་རྒྱ་བཞག་པ་དང་། བཅིངས་འགྲོལ་དམག་ལྷ་ས་འབྱོར་དུས་བོད་ལ་སྤྱི་ཚོགས་རིང་ལུགས་བསྒྱུར་སྐྲུན་མགོ་བཙུགས་ནས་དགོན་པ་ཞིག་པ་དང་། རང་བྱུང་བ་སྐྱ་སར་ཕབ་པ་བཅས་འདི་དག་ཐམས་ཅད་བྱས་ནས་བོད་མི་མཐར་ཐུག་གྱེན་ལོག་དང་ངོ་རྒོལ་མི་བྱེད་ཐབས་མེད་བྱུང་པས་རྒྱ་དམག་གིས་དྲག་གནོན་ཚད་ལས་བརྒལ་བ་ཞིག་བྱས། དེ་བརྟེན་པེ་ཅིན་གྱི་སྐད་ཆ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་ལ་གཏན་ཚིགས་ཀྱི་རྒྱུན་ཤེས་ཀྱང་མི་མཐུན་། དེ་རིང་འཛམ་གླིང་ཐོག་ཏུ་རྒྱལ་ཁབ་གང་གིས་ས་གནས་དེ་ནི་གནའ་ནས་ཁ་བྲལ་ཐབས་མེད་པའི་ང་ཡི་ཆ་ཤས་རེད་ཟེར་ནས་ཁྱབ་བསྒྲགས་གཏོང་གིན་འདུག་སུ་ནི་སུ་ཞིག་གི་གནའ་ནས་བཟུང་ཁ་བྲལ་ཐུབ་མེད་པའི་ཆ་ཤས་རེད། འཛམ་གླིང་ནི་ཐོག་མཐའ་བར་གསུམ་འདུས་བྲལ་གྱི་རང་བཞིན་རེད་ལ་ལྷག་པར་ཀྲུང་གོའི་ལོ་རྒྱུས་ཏེ། ནུབ་བྱངརྒྱལ་རབས་དང་། ཐང་། སུང་། ཡོན། མིང་། ཆིང་བཅས་གྲངས་ཀ་མི་ཐེབས་ཤིག་དེ་མཚུངས་རེད། སུ་ནི་ལོ་རྒྱུས་ཐོག་སུ་ཡི་ཆ་ཤས་རེད། གནའ་ནས་ཁ་བྲལ་མེད་ཐབས་པའི་ཆ་ཤས་ཞེས་ཡིག་འབྲུ་བརྒྱད་པོ་འདི་ནི་བཙན་རྒྱལ་རིང་ལུགས་ཀྱི་བསམ་ཚུལ་ཞིག་དང་བཙན་དབང་རིང་ལུགས་ཀྱི་བཤད་ཚུལ་ཞིག་རེད། ཡིན་ཡང་ཁོ་ཚོ་འདི་ལྟར་བཤད་ཆོག་པ་གཙོ་བོ་ནི་ཞིན་ཅང་དང་བོད་ཀྱི་གནད་དོན་གང་ཡིན་རུང་ཀྲུང་གོ་རུ་གནས་ལུགས་བཤད་མཁན་གྱི་ས་གནས་གཅིག་ཀྱང་མེད་པ་དང་། གུང་ཁྲན་ཏང་གིས་གནས་ལུགས་མེད་པར་ཚགས་པར་དང་། དུས་དེབ། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། དྲ་རྒྱ། བརྙན་འཕྲིན་བཅས་ཚང་མ་སྒེར་སྡེམ་བྱེད་བཞིན་ཡོད་པས་རེད།
གསར། འོ་ན་སྐུ་ཞབས་ལགས་ང་ལ་གནད་དོན་འདི་དང་འབྲེལ་བའི་འདྲི་བ་ཞིག་འདུག  གལ་སྲིད་ཀྲུང་གོ་སྐམ་ས་ཆེན་མོ་ཀྲུང་དབྱང་དབང་ཆ་གཅིག་བསྡུས་ཀྱིས་སྨྲ་བརྗོད་ཚང་མ་སྒེར་སྡེམ་བྱས་ནས་བོད་ཀྲུང་གོ་ཡི་ཆ་ཤས་ཡིན་པར་ཁས་ལེན་བྱེད་དུ་འཇུག་བཞིན་ཡོད་ན། གུང་ཁྲན་ཏང་གི་སྲིད་གཞུང་ལ་ངོ་རྒོལ་དང་མི་སེར་དོན་གསུམ་རིང་ལུགས་ལ་འདོད་མོས་བྱེད་མཁན་གོ་མིན་ཏང་གིས་ཀྱང་ཅིའི་ཕྱིར་འདི་ལྟར་བཤད་པ་རེད། དེའི་ནང་རྒྱུ་རྐྱེན་གཞན་པ་འདྲ་ཨེ་འདུག་ཁྱེད་ཀྱིས་དབྱེ་ཞིབ་ཞིག་གནོངས་དང་


ཚའེ། ཡིན་ཡང་དེང་སང་གོ་མི་ཏང་གི་སྲིད་དོན་འགྱུར་ལྡོག་འགྲོ་བཞིན་ཡོད་ལ།ཅུང་ཅེ་ཧྲི་ཐའེ་ཝན་ལ་སླེབས་རྗེས་ཤིག་ལ་ཁོ་རང་གིས་བོད་རང་བཙན་ནམ་རང་སྐྱོང་གི་གདམ་ག་ནི་བོད་མི་དམངས་རང་གིས་གཏན་ཁེལ་བྱ་དགོས་ཟེར་བའི་སྐད་ཆ་དེ་འདྲ་ཞིག་ཁོས་བཤད་མྱོང།
གསར།ཡིན་ཡང་ཁོས་ཀྱང་བོད་བཙན་འཛུལ་བྱེད་མྱོང་
ཚའེ། སྐབས་དེ་ནི་ཆིང་རྒྱལ་རབས་ཀྱི་མཇུག་རེད་ལ་ཆིང་དམག་ལྷ་སར་བཙན་འཛུལ་བྱས་པ་དང་། ལྕགས་ཕག་ལོའི་གསར་བརྗེ་ཧོབ་ལངས་ནས་ཡུན་རིང་མ་ཐོགས་པར་ཏླ་ལའི་བླ་མས་བོད་མི་དམངས་ཀྱི་དབུ་ཁྲིད་ནས་ཆིང་དམག་ཕྱིར་ཕུད་བཏང་བ་དང་བོད་རང་བཙན་ཡིན་པར་བསྐྱར་ བསྒྲགས་གནང་བ་དང་། གོ་མིན་ཏང་གི་དམག་དཔུང་བོད་དུ་བཙན་འཛུལ་བྱེད་མ་མྱོང་ལ་གོ་མིན་ཏང་གི་སྲིད་གཞུང་སྐབས་བོད་རང་བཙན་གཙང་མ་ཡིན་པ་དང་། གོ་མིན་ཏང་གི་བོད་བཅའ་སྡོད་ཀྱི་བང་ཆེན་མི་གྲངས་བརྒྱ་ལས་བརྒལ་མི་ཆོག་པ་དང་། ཨ་ཅང་ཅང་གོ་མིན་ཏང་གི་གཏན་ཚིགས་ལ་གནད་དོན་ཡོད་ཤག་ཤག་རེད་དེ་གལ་སྲིད་ཁྱོད་ཀྱིས་བོད་ནི་ཁྱོད་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་རེད་ཟེར་ན། འོ་ན་ཁྱོད་ཀྱི་ཅིའི་ཕྱིར་ཕྱི་སོག་ཁ་ ཕྲལ་དུ་བཏང་བ་ཡིན། ད་ལྟའི་པེ་ཅིན་གྱི་འགོ་ཁྲིད་ཚོས་ཅིའི་ཕྱིར་ཕྱི་སོག་ནི་ཁོ་ཚོའི་ཁ་བྲལ་མེད་པའི་ཆ་ཤས་རེད་མ་ཟེར་བ་རེད། དོན་དངོས་ཀྱི་ལོ་རྒྱུས་ཐོག་ཕྱི་ སོག་དང་ནང་སོག་གཅིག་གྱུར་ཡིན།ལོ་རབས་ཉི་ཤུ་ཡི་རྗེས་གཞི་ནས་ཁ་ཕྲལ་བཏང་བ་རེད།


གསར།བོད་ལོ་རྒྱུས་ཐོག་རྒྱལ་ཁབ་ཞིག་ཡིན་པས་ཆ་ནས་བོད་ལ་རང་བཙན་གྱི་མཚོན་རྟགས་འདྲ་ཅི་ཡོད་ནི་ཨེ་རེད།
ཚའེ། ཡོད་དང་ཡོད། ཁོ་ཚོའི་རྒྱལ་མིང་ལ་ཐུ་བྷོད་ཟེར་ལ་ཁོ་ཚོའི་རང་ཉིད་ཀྱི་རྒྱལ་དར་ཏེ་གངས་སེང་གི་རྒྱལ་དར་དང་། ཁོ་ཚོ་རང་གི་གཙོ་བདག་ཏྰ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན། རང་གི་རྒྱལ་ས་ལྷ་ས།རང་གི་དངུལ་ལོར།རང་གི་ཁྲལ་འབབ་བཅས་ཡོད་ལ། དེ་ལས་ཀྱང་འགངས་ཆེ་བ་ནི་ཁོ་ཚོ་རང་གི་སྐད་དང་ཡི་གེ། རིག་གནས་ལོ་རྒྱུས་བཅས་ཡིན་ལ་དུས་ཡུན་རིང་བོ་མ་སོང་བའི་སྔོན་ཞིག་ལ་ཐའེ་ཝན་གྱི་འགྲམས་སྟོན་ཞིག་ཏུ་བོད་ཀྱི་སྐབས་དེའི་དུས་ཀྱི་ཕྱིར་ཐོན་ལག་འཁྱེར་དང་རྒྱལ་ཁབ་གཞན་གྱིས་འཐུས་མཆན་བཀོད་པའི་ལག་འཁྱེར་འགའ་གཤོམ་འདུག་ལ། ཁོ་ཚོ་ལ་ཚད་ལྡན་རྒྱལ་ཁབ་ཞིག་གིཆ་རྐྱེན་ཚང་མ་འཛོམས་ཡོད། དེ་བས་དེ་རིང་ང་ཚོས་བོད་ཀྱི་ལོ་རྒྱུས་ལ་བལྟས་ན་བོད་གདོད་མ་ནས་ཀྲུང་གོའི་ཆ་ཤས་ཡིན་མིན་གྱི་དོན་དངོས་ནི་མིག་མཐོང་གསལ་གྲུབ་ཞིག་རེད་ལ། ལྷག་པར་དུ་ལོ་རྒྱུས་ཟེར་བ་འདི་ནི་སུ་ཞིག་གིས་ཀྱང་འགྱུར་ལྡོག་གཏོང་མི་ཐུབ་སྟེ། ལེ་ལིན་ནམ།སི་ཊ་ལིན།
 མའོ་ཙེ་ཏུང་བཅས་བཙན་དབང་ཆེ་བའི་མི་གང་གིས་ཀྱང་འགྱུར་ལྡོག་མི་ཐུབ། ལོ་རྒྱུས་ནི་བྱུང་ཚར་བའི་དོན་དངོས་ཡིན་པས་སུ་ཡིས་ཀྱང་འགྱུར་ལྡོག་གཏོང་ག་ལ་ཐུབ།
རང་དབང་དྲྭ་བ་ལས་བཤུས།

1 comment:

  1. རྒྱ་རིགས་རྩོམ་པ་པོ་གྲགས་ཅན་ཁོང་གིས་འདས་པའི་བྱུང་རབ་ཀྱི་ལོ་རྒྱུས་ཡིད་ཚིམ་པ་ཞིག་བཤད་འདུག་དངོས་གནས་དགའ་བྱུང། རྒྱ་མི་ལ་ཡང་དྲང་བདེན་ཀྱི་སྐད་ཆ་བཤད་ཤེས་མཁན་གྱི་གང་ཟག་གཅིག་ཙམ་མཐོང་རྒྱུ་ཡོད་པ་ཡང་ང་ལ་མཚོན་ན་ཡ་མཚན་དངོས་བྱུང་རང་ཡིན།

    ReplyDelete

མཆན་འགྲེལ།(批注)