ཚན་རིག།

ཤེས་པ་ཡོད་པའི་རྒྱུ་མཚན་དང་མེད་པ་ལ་གནོད་བྱེད་འདི་ལྟར་བརྗོད།

དེ་ཡང་སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ཕྱིན་རང་ཉིད་འཆི་བའི་འོག་ཏུ་སླར་ཡང་འཇིག་རྟེན་འདིར་ཡོང་རྒྱུ་ཡོད་མེད་ལ་བསམ་བློ་མི་བཏང་མཁན་གཏན་ནས་མེད་ཅེས་རྗོད་ཀྱང་མི་ཆོག་པ་མེད་སྙམ།   ཡིན་ན་ཡང་བསམ་བློ་བཏང་བའི་གྲུབ་དོན་ནི་སྣ་ཚོགས་ཏེ།   འགའ་ཤས་ཀྱིས་མར་མེ་ཤི་བ་བཞིན་དུ་གྱུར་བས་སླར་ཡང་འཇིག་རྟེན་འདིར་ཡོང་རྒྱུ་མེད་པར་འདོད་ལ།   འགའ་ཤས་ཀྱིས་སླར་ཡང་འཇིག་རྟེན་འདིར་ཡོང་རྒྱུ་ཡོད་ཀྱང་དེ་དག་ཐམས་ཅད་ནི་དཀོན་མཆོག་གམ་འཇིག་རྟེན་བཀོད་པ་པོས་བྱས་པར་འདོད།   དེ་དག་ཐམས་ཅད་དང་འདོད་ཚུལ་མི་འཐུན་པ་ནང་པ་སངས་རྒྱས་པའི་འདོད་ཚུལ་ཅུང་ཟད་འགོད་པ་སྐབས་སུ་བབས་པས་དེ་བཤད་པ་ལ།   ཐོག་མར་སྲོད་ལྡན་གཅིགཡིན་ན་ལུས་ལེན་བྱེད་དམ་ཡང་ན་སྐྱེ་བ་ཕྱི་མ་མཚམས་སྦྱོར་བ་ལ་བེམ་པོ་ལས་ལོགས་སུ་གསལ་ཤིང་རིག་པ་ཞིག་ཡོད་དགོས་པ་འདོད།  དེ་ལྟར་ཞིག་མེད་ན་ལུས་ལེན་མི་རིག་པ་མ་ཚད།   སྐྱེ་བ་སྔ་མའི་གནས་ཚུལ་སོགས་ཀྱང་དྲན་པ་མི་འཐད་པས།  དཔེ་ན་བེའུ་བཙས་མ་ཐག་པས་མ་ཡི་ནུ་མ་འཚོལ་ཤེས་པ་མ་ཚད་བྱང་ཆ་དོད་པོའི་ངང་ནུ་ཤེས་པ་སོགས་ལ་འགྲེལ་བཤད་ཇི་ལྟ་ཞིག་རྒྱབ་ཐོབ་བམ།      དེ་དག་ཐམས་ཅད་ཀླད་པའི་བྱས་པ་ལྟ་བའི་དེང་དུས་ཀྱི་ཚན་རིག་པས་དེ་ལ་ལན་ཇི་ལྟ་རྒྱབ་རྒྱུ་ཡིན་ནམ།   ནང་པས་དེ་ནི་སྐྱེ་བ་སྔ་མར་ཡང་ཡང་གོམས་པའི་དབང་ལས་བྱུང་བ་དང།   གོམས་བྱེད་དེ་ཡང་སེམས་མེད་བེམ་པོ་ཞིག་མ་ཡིན་པ་གསལ་ཤིང་རིག་པའི་བདག་ཉིད་ཅན་ཞིག་འདོད་དོ།    དེང་གི་ཚན་རིག་པ་ཁག་གཅིག་གིས་ ‘’ཀླད་པ་རགས་པ་འདི་དང་འདིའི་མ་ལག་ཕྲ་རགས་འདི་དག་ལས་ལོགས་སུ་གྱེས་པའི་མ་ལག་གཞན་ཞིག་ཡོད་དགོས་པའི་རྒྱུ་མཚན་ཡང་མི་འདུག"  ཞེས་མི་་ཡི་བསམ་བློ་འཁྱེར་སོ་སོགས་ཀྱི་མཚོན་པའི་གཡོ་འགུལ་གྱི་བྱ་བ་གང་ཞིག་ཡིན་རུང་དེ་དག་ཚང་མ་ཀླད་པའི་དབང་དུ་མ་སོང་བ་མེད་པར་དང་ཀླད་པའི་ཐོག་ནས་འགྲེལ་བཤད་ཆ་ཚང་རྒྱབ་ཐོབ་ཀྱི་ཡོད་པ་འདོད་ཀྱང།  གོང་དུ་བརྗོད་ཟིན་པའི་སྐྱེ་བ་སྔ་མ་དྲན་པ་སོགས་དང་།     ན་ཚོད་ལོན་པའི་ཕོ་མོ་གཉིས་ཀྱི་ཁུ་ཁྲག་ལ་སྐྱོན་མེད་པ་དེ་དག་འདུས་ན་ཕྲུ་གུ་ཡོང་བའི་ངེས་པ་ཡོད་དམ་ཞེས་འདྲི་ཚེ།  ཚན་རིག་པས་ཚིག་ཐག་ཆོད་པོའི་ཐོག་ནས་ངེས་པ་མེད་ཞེས་བརྗོད་པ་གྲགས   དེས་ན་ཁྱེད་ཅག་གི་ལུགས་ཀྱི་མིའི་ལུས་གྲུབ་པ་ལ་ཚང་དགོས་པར་འདོད་པའི་དངོས་པོ་ཆ་ཚང་འཛོམས་ན་ཡང་ད་དུང་མིའི་ལུས་གྲུབ་མི་ཐོབ་པ་དེ་ངོ་མཚར་མི་ཆེ་ཨང་།   དེའི་ཚེ་གྲུབ་མི་ཐོབ་པའི་རྒྱུ་མཚན་གང་ལགས་ཞེས་བརྗོད་ན་ཁྱེད་ཅག་ཀྱི་དེར་ལན་ཞིག་ཡོད་དམ།     ནང་པའི་གཞུང་ལས།  ༼མ་ཚང་མེད་རྒྱུ་དེ་ལ་ནི།  འབྲས་བུ་གང་གིས་ལྡོག་བ་འགྱུར། ཞེས་རྒྱུ་མ་ཚང་བ་མེད་པ་ལ་འབྲས་བུ་སུས་ཀྱང་འགོག་མི་ནུས་པ་འདོད།    དེ་ན་ནང་པའི་དེ་ལ་ལན་གསལ་པོ་ཞིག་ཡོད་དེ།        ཕོ་མོའི་ཁུ་ཁྲག་ནི་གཟུགས་ཕུང་ཙམ་གྱི་ཉེར་ལེན་རུང་ཀྱི་གཞན་དུ་མི་འདོད།  དེས་ན་གང་ཟག་དེ་ཡི་བསམ་བློ་དང།   རང་བཞིན་བཟང་ངན་ནི་སེམས་མེད་བེམ་པོ་མ་ཡིན་པ།   རྣམ་ཤེས་སམ་གསལ་ཤིང་རིག་པ་ཞིག་ལ་འདོད་དགོས་པས་དེ་མ་ཚང་ན་ཕོ་མོའི་ཁུ་ཁྲག་འདུས་ཀྱང་མིའི་ལུས་གྲུབ་ཐབས་བྲལ། དེ་ལྟ་མ་ཡིན་ན་སྔོན་གནས་རྗེས་དྲན་སོགས་འབྱུང་མི་སྲིད་པ་དང།   རྒྱུ་མ་ཚང་མེད་པ་ཚང་ན་ཡང།  འབྲས་བུ་སྐྱེ་བའི་ངེས་པ་མེད་ཞེས་མི་འདོད་བཞིན་དུ་འགལ་འདུ་ཀྱི་ཕུང་པོ་རི་བོ་ཙམ་ཞིག་ཁུར་དགོས་པ་ལས་ལྡོག་དུ་མེད་དོ།  ནང་པས་བཤད་པའི་གསལ་ཤིང་རིག་པ་ཞེས་པའི་དོན་ནི་གསལ་བ་ནི་སྣང་བའི་དོན་དང།   རིག་པ་ནི་རྟོགས་པའི་དོན་ནོ།   དེ་འདྲའི་ཁྱད་ཆོས་གཉིས་དང་ལྡན་པའི་དངོས་པོ་དེ་ནི་སེམས་མེད་བེམ་པོ་ལས་བཞན་ཞིག་མ་ཡིན་ན།   དངོས་པོ་རྣམས་ནི་རང་རང་གི་རིགས་མཐུན་པའི་རྒྱུ་ལས་སྐྱེ་བ་ལས།    རྒྱུ་མེད་དང་།    མི་མཐུན་པའི་རྒྱུ་སོགས་ལས་མི་འབྱུང་སྟེ།    རྒྱུ་མེད་ལས་འབྱུང་ན་རྟག་ཏུ་འབྱུང་བས་ཐལ་བ་དང་།    མི་མཐུན་པའི་རྒྱུ་ལས་འབྱུང་ན།    ར་ལས་མ་ཧེ་འབྱུང་བ་དང་།    མ་ཧེ་ལས་བུང་བུ་སོགས་འབྱུང་བ་ཐལ་བའི་ཕྱིར་རོ།    དེས་ན་རིགས་མཐུན་པའི་རྒྱུ་ལས་འབྱུང་ན་ཡང་གསལ་ཤིང་རིག་པའི་རིགས་མཐུན་པའི་རྒྱུ་དེ་གང་དུ་ཡོད་བརྩལ་པ་ན།     ཕ་མའི་ཁུ་ཁྲག་གི་སྟིང་དུ་རྩལ་ཀྱང་རྙེད་ཐབ་མེད།   ག་སྲིད་རྙེད་རྒྱུ་ཡོད་ན་དེ་ཡང་གསལ་ཤིང་རིག་པའི་ངོ་བོ་ཞིག་འདོད་དགོས་པའི།   དེས་སྔར་ཡུལ་རིག་པའི་ཆ་འགའ་ཤས་ཕྱིས་སུ་དྲན་པ་ཐལ་བ་དང་།     དེ་རྒྱུད་ལ་ལྡན་པའི་སྐྱེས་བུ་རྣམ་དཔྱོད་ཅན་ཞིག་ཡིན་ཚེ།   གསལ་ཤིང་རིག་པའི་རྒྱུན་ཕྱི་མ་རྒྱུད་ལ་ལྡན་པའི་སྐྱེ་བོ་དེ་ཡང་དེ་དང་རྣམ་པ་ཐམས་ཅད་དུ་མ་འདྲ་ན་ཡང།  ཆ་འདྲ་བ་ཞིག་དགོས་པ་ལས།  དེ་ལས་ལྡོག་སྟེ་ཕ་མ་རྣམ་དཔྱོད་ཅན་ལས་བུ་གླན་པ་སྐྱེ་བ་དང་།    ཕ་མ་གླན་པ་ལས་བུ་རྣམ་དཔྱོད་ཅན་སྐྱེ་བ་སོགས་མངོན་སུམ་གྱིས་གྲུབ་པ་དང།   མ་ཚད་ཕ་མ་གཅིག་པའི་སྤུན་ཆེད་ལ་ཡང་བློ་རིག་རྣོ་མིན་དང།     རང་གཤིས་བཟང་ངན་སོགས་འབྱུང་མི་སྲིད་པ་ལས་དེ་ལྟ་འབྱུང་བམཐུན་སྣང་དུ་གྲུབ་པས་གསལ་བཤད་མི་དགོས་སོ།    དེས་ན་གསལ་ཤིང་རིག་པ་ཁས་མ་ལེན་པར་མི་ཡི་བསམ་བློ་ཡོད་ཚད་སེམས་མེད་བེམ་པོའང་ཀླད་པས་བྱས་པ་ཁས་ལེན་དགོས་ན་དེ་ནི་ཆེས་མི་རིག་ཏེ།    སྔོན་དང་དེང་གི་ཆ་སོགས་སུ་སྐྱེ་བ་སྔ་ཕྱི་དྲན་པའི་གང་ཟག་གང་མང་འདུག་པར།   ༼དེ་ཡང་བདག་ཅག་གི་སྟོན་པ་ཐུག་རྗེ་ཆེན་པོའི་སྐུ་དུས་སུ་བྱུང་ཚུལ་༽   ཁྱིམ་བདག་གདངས་ཅན་གྱི་བུ་མོར་སྐྱེས་པས། ཀུན་དགའ་བོ་ངོ་ཤེས་ཚུལ་གསུངས་ཏེ།   འདུལ་བ་ལུང་ལས།  དུས་གཞན་ན་མགུ་བྱེད་རྒས་ནས་འཆི་བའི་ཚེ།   དགེ་འདུན་ལ་བསྙེན་བཀུར་བྱས་པའི་དགེ་བ་འདིས་ཁྱིམ་བདག་གདངས་ཅན་གྱི་ཆུང་མའི་མཆོག་གི་མངའ་དུ་སྐྱེས་ནས་སྔོན་བསངས་ཅན་མ་ཇི་འདྲ་བར་གྱུར་ཏེ་རྒྱལ་པོ་ཤར་བ་བདག་གི་ཁྱིམ་ཐབ་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་དེ་ལྟར་གྱུར་ནས་བུ་མོ་ཞིག་བཙལ་པས་ཁྱིམ་དཔལ་གྱིས་སྣང་ནས་དཔལ་ལྡན་མ་ཞེས་མིང་བཏགས་སོ།  དེ་སྨྲ་ཤེས་པ་དང་ཀུན་དགའ་བོ་བསོད་སྙོམ་ལ་བྱོན་པས།    ཕྱག་འཚལ་ནས།         བཅོམ་ལྡན་འདས་དང་གནས་བརྟན་ག་གེ་མོ་དག་བདེ་བ་ལ་རེག་པར་གནས་སམ།  གནས་སོ།  དེ་ཐོས་ནས་གདངས་ཅན་གྱི་ནང་མི་ངོ་མཚར་བར་གྱུར་ཏོ།   ཀུན་དགའ་བོས་དེ་སྟོན་པ་ལ་གསོལ་བས།  ཁྱེད་ཀྱིས་མི་ཤེས་སམ།  མ་འཚལ་ལོ།  དེ་ནི་མགུ་བྱེད་ཡིན་ནོ།  ཞེས་གསུངས་སོ།  ཕྱིས་སུ་བུ་མོ་དེ་སྔོན་གྱི་སྨོན་ལམ་བཞིན་རྒྱལ་པོ་ཤར་བའི་ཆུང་མར་གྱུར་ནས་ཤྭ་རིའི་བུས་མཚན་མོ་ཚོས་བསྟན་པས་བདེན་པ་མཐོང་ནས་སྟོན་པས་དགག་པའི་རྗེད་སུ་གནང་བའི་བཅས་པ་མཛད་དོ།  གཞན་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་དགེ་འབར་བ་རྩ་འགྲེལ་ལས།   འདས་པའི་འཆི་འཕོའི་སེམས་ཡོད་པར་ཇི་ལྡར་ཤེས་ཤེ་ན།   ཚེ་རབས་དྲན་ལ་སོགས་ཡོད་དང།  ཞེས་དང་འཇིག་རྟེན་འདི་ན་ཚེ་རབས་དྲན་པ་གང་དག་གིས་ཚེ་རབས་སྔ་མ་རྣམ་པ་དུ་མ་དྲན་པར་བྱེད་པ་དང།   ཞེས་གསུངས་པ་དང   དེང་དུས་སུ་དངོས་བྱུང་ ༡༩༢༦ ལོའི་ཟླ་༡༠ ཚེས་༡༢  ཉིན་རྒྱ་གར་རྡི་ལི་གསར་གསར་པར་བུ་མོ་ཞིག་བཙས་པ་ལ་མིང་ཧྲང་ཐུས་ཏི་ཝེ་ཞེས་བཏགས།   (མིང་འདི་ཡི་གེ་སོ་སོ་ལས་སྒྲ་གདངས་བསྒྱུར་ཚུལ་མི་འདྲ་བ་མང་པོ་བྱས་འདུག་ཀྱང་ཕྱི་ཡིག་ཏུ།  (shant deri འདི་ལྟར་བྲིས་སྣང)    མོ་ཆུང་ངུའི་དུས་ནས་རང་གི་སྐྱེ་བ་སྔ་མ་དེ་རྡི་ལི་བསར་པ་ནས་ལེ་བར་བརྒྱ་ལྷག་གིས་ཆོད་པའི་ཡུལ་མ་ཐི་ལ་ནས་ཡིན་ཞེར་པ་སོགས་སྐྱེ་བ་སྔ་མའི་ཁྱོ་བོ་དེ་རས་འཚོང་མཁན་ཞིག་ཡིན་ཚུལ་དང། སྡོད་གནས་སོགས་བཤད་པས།  དེས་ལོ་རྒྱུས་དེ་དག་ལས་གནས་ལས་ངལ་གསོ་བྱས་ཟིན་པའི་སློབ་གྲྭའི་སློབ་དཔོན་ལེ་ན་པར་བཤད།  ལེ་ན་འོངས་ཏེ་བུ་མོ་ལ་བཅར་འདྲི་བྱས་པས་སྔོན་གྱི་ཁྱོ་ག་དེའི་སྡོད་གནས་ཞིབ་གསལ་དག་ཤེས།  སློབ་དཔོན་ལེ་ནས་སྔོན་གྱི་ཁྱོ་ག་དེར་ཕྲིན་ཡིག་བཏང་སྟེ།  ཆུང་མ་དེ་འདྲ་ཡོད་མེད་སོགས་ལོ་རྒྱུས་དྲིས།   སྔོན་གྱི་ཁྱོ་བོ་དེས་ཡིག་ལན་བྱུང་སྟེ།   ལོ་རྒྱུས་དག་བདེན་པར་འདུག་ཟེར།  དེ་དང་མཉམ་དུ་དེས་རང་གི་གཅེན་པོ་རྡི་ལིར་སྡོད་པ་ཞིག་ཡོད་པ་ལ།  བུ་མོ་དེའི་དྲུང་དུ་ཆེད་བསྐྱོད་ཀྱིས་རྩད་གཅོད་ཅིག་བྱེད་པར་ཞུས།   གཅེན་པོ་དེར་ཕྱིན་པ་ན།   བུ་མོས་ཚེ་འདིར་གཏན་ནས་མཐོང་མྱོང་མེད་ཀྱང་བདེ་བླག་ཏུ་ངོཤེས།  དེས་བུ་མོར་སྔ་མའི་ལོ་རྒྱུས་གང་དང་གང་དྲིས་པ་ཐམས་ཅད་ལ་ལན་ཇི་ལྟ་བ་བཞིན་བཏབ་པས་ཡིད་གཏིང་ནས་ཆེས།   དེ་རྗེས་སྔོན་གྱི་ཁྱོ་བོ་དང་ཕྱིས་དུ་བླང་པའི་ཆུང་མ་དང་།    བུ་མོའི་ཚེ་སྔ་མའི་བུ་མོ་ལོབཅུ་ཙམ་དུ་སོན་པ་བཅས་རྡི་ལིར་ཆེད་དུ་བལྟར་འོངས།  བུ་མོས་སྔོན་གྱི་ཁྱོ་བོ་མཐོང་མ་ཐག་ངོ་ཤེས།   ཁྱོ་བོས་སྔོན་གྱི་བྱ་བ་དག་དྲིས་པས་ཐམས་ཅད་མ་ནོར་བར་འཆད་ཐུབ་པས་དེས་ཀྱང་རང་གི་སྔོནགྱི་ཆུང་མ་དེ་ཉིད་ཡིན་པ་ཁས་མི་ལེན་ཐབས་མེད་བྱུང་།   ཕྱིས་སུ་རྒྱ་གར་སྲིད་གཞུང་གིས་དམིགས་བསལ་བརྟགས་དཔྱད་ལྷན་ཚོགས་ཆེད་བསྡུས་ཀྱིས་བུ་མོ་དེ་ཡུལ་མ་ཐི་ལར་ཁྲིད་ནས་བརྟགས་པས་ཐམས་ཅད་ཡིད་ཆེས་པ་ཞིག་བྱུང་སྟེ་ལོ་རྒྱུས་དེས་འཛམ་གླིང་ཁྱབ་པར་གྱུར་ཏོ།  དེ་ཙམ་དུ་མ་ཚད་ཨ་རིའི་ཧྥོ་ཅོ་ནེ་ཡ་གླིང་གི་བྱིས་པ་ཨན་ཏི་ལོས་ཞེས་པ་སྐྱེས་ཙམ་ཉིད་ནས་ཀླད་ཆེན་གཏན་མེད་དེ།   སྨན་པ་རྣམས་ཀྱིས་བརྟག་དཔྱད་བྱས་ནས།   བྱིས་པ་འདི་ཇི་སྲིད་འཚོའི་བར་དུ་གད་མོ་དགོད་མི་སྲིད་ལ།  ཤིང་ཏུ་བཏབ་ལེགས་ཀྱང་གཟའ་འཁོར་འགའ་ཞིག་ལས་ཕན་ལ་འཚོ་མི་སྲིད་ཅེས་ཟེར་རོ། འོན་ཀྱང་བྱིས་པ་ལོ་ལྔའི་བར་དུ་འཚོ་བར་གྱུར་ཅིང།   བརྙན་འཕྲིན་གྱི་ལྟད་མོ་ལ་བལྟས་ཏེ་གད་མོ་དགོད་པར་བྱེད་དོ།  སྨན་པ་ཚོས་སླར་ཡང་བརྟག་པས་ཁོའི་ཀ་ལིའི་ནང་དུ་ཆུ་ཙམ་ལས་ཀླད་ཆེན་དངོས་ད་དུང་སྨིན་མི་འདུག་པས་ཀླད་མེད་ཀྱི་མི་མཚན་ཉིད་པ་ཞིག་ཏུ་སྣང་ཟེར་རོ།   དེས་ན་གོང་གི་དངོས་བྱུང་དེ་དག་ལ་འགྲེལ་བཤད་ཀླད་པའི་སྟེང་ནས་རྒྱབ་ཐོབ་ བམ།      མི་ཐོབ་ན་ ‘’ཀླད་པ་རགས་པ་འདི་དང་འདིའི་མ་ལག་ཕྲ་རགས་འདི་དག་ལས་ལོགས་སུ་གྱེས་པའི་མ་ལག་གཞན་ཞིག་ཡོད་དགོས་པའི་རྒྱུ་མཚན་ཡང་མི་འདུག’’   ཞེས་ཁྱེད་ཀྱིས་ཀླད་པ་ལས་ལོགས་སུ་ཞིག་ཡོད་མི་དགོས་པ་ཇི་ལྟར་ཤེས་སམ།  དེས་ན་ལུས་ཀྱི་གྲུབ་ཆ་རུ་ཡོད་པའི་བེམ་པོ་དེ་དག་ནི་རང་གི་ཕ་མའི་ཁུ་ཁྲག་ལས་གྲུབ་པ་ཡིན་པས་སྐྱེ་བ་སྔོན་མ་ནས་ཡོང་མི་སྲིད་ན་དེས་སྐྱེ་བ་སྔ་མ་སོགས་ཇི་ལྟར་དྲན་མིན་དང།      ཀླད་པ་མེད་པའི་མི་ཡོད་པ་མངོན་སུམ་གྱིས་གྲུབ་པ་དེ་དག་ལ་ཚན་རིག་པས་འགྲེལ་བཤད་ཇི་ལྟ་རྒྱབ་རྒྱུ་ལགས་སམ།


སེར་བྱེས་ཚ་དགེ་འདུན་རྒྱ་མཚོས་བྲིས་པའོ།